དད་པའི་མཆོད་སྤྲིན།

རྩོམ་པ་པོ། རིག་པའི་ཁུ་བྱུག རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

~ལྕགས་བྱིའི་ལོ་སར་སྐབས་དཔལ་རྒྱལ་བ་སྨན་རི་བའི་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེར་ཕུལ་བ།

ཀ་ར་ཟས་མང་བཤམས་པ་གངས་ཅན་པས།།
ཁ་གཡང་ངང་ནས་ཆ་བྱད་རྒྱན་མང་སྤྲས།།
ག་སར་བགྲང་བྱ་གསར་བ་དཔལ་མྱང་སྐབས།།
ང་ཅག་སྐྱབས་གནས་བླ་མ་ཁམས་བཟང་ངམ།།

ཅ་དག་བསླབ་གཙང་གྲྭ་བ་མཁས་མང་ནས།།
ཆ་བྱད་གཟབ་སྤྲས་རབ་མཛད་གང་ཞབས་ལ།།
ཇ་མར་སྦྲང་རྩམ་བཟའ་མངར་དྲངས་པ་ན།།
ཉ་གང་ཟླ་ལྟར་ཞབས་པད་དཔལ་དང་ལྡན་།།

ཏ་ཐ་ག་ད་བྱང་འཕགས་སྲས་བཅས་ལྟར།།
ཐ་ཤལ་བསྟན་དགྲ་དག་ལས་རྣམ་པར་རྒྱལ།།
ད་ལྟ་ཞྭ་དཀར་བསྟན་པ་ཁབ་གཞན་ལ།།
ན་ཐང་གཙང་ཆབ་རྒྱས་ལྟར་དར་ཁྱབ་མཛད།།

པ་ཏྲ་པདྨ་རྒྱལ་མཚན་རྟགས་བརྒྱད་བཅས།།
ཕ་མཐའ་བྲལ་བ་མཁའ་ཁྱབ་མཎྚལ་རྫས།།
བ་ག་དན་ཏྲ་ཟབ་ལམ་མངའ་བདག་ཞབས།།
མ་སྨད་དད་དམ་གཙང་མས་གཏང་རག་ལགས།།

ཙ་ཀ་ཁྱབ་བདག་དཔལ་ལྡན་བླ་མ་ཞབས།།
ཚ་ཇ་དཀར་མངར་དྲང་བར་གནས་བསྐལ་ཡང་།།
ཛ་ཡ་ཐམས་ཅད་ཞལ་ཚབ་བསམ་དྲན་ངང་།།
ཝ་བཅས་ཉམ་ཐག་མ་རྣམས་ཐར་ལ་སྐྱབས།།

ཞྭ་དཀར་རྒྱལ་བསྟན་ཉམས་ནས་ཉག་ཕྲ་སྐབས།།
ཟ་ཁ་ཆས་ཀ་དབང་ཐང་མ་བསམ་པར།།
འ་ཆད་མ་གནང་རྒྱལ་ཁབ་གང་སར་ལ།།
ཡ་མཚན་མཛད་པས་དར་ཁྱབ་བྱས་པ་རྨད།།

ར་བ་གངས་ཅན་ཁམས་ནས་རྒྱང་ལ་ཆས།།
ལ་རྒྱས་རྒྱལ་ཁབ་གཞན་སྐད་མཁས་པར་སྦྱངས།།
ཤ་ཚས་ཞལ་མཇལ་ཐམས་ཅད་ཐར་ལམ་བསྟན།།
ས་ཁམས་གང་སར་སྙན་གྲགས་རྣམ་པར་ཁྱབ།།

ཧ་ར་ལྔ་ལྡན་ཟབ་གདམས་ཐམས་ཅད་མཁས།།
ཨ་དཀར་བསྟན་ལ་དྲན་པ་ཡབ་སྲས་ལྟར།།
ཧ་ཅང་མཛད་བཟང་རྣམ་ཐར་བསམ་ལས་འདས།།
ཨ་ལགས་མཚན་ལྡན་གང་ཞབས་ཡང་ཡང་བསྔགས།།

ཞེས་དབྱངས་ཨ་ངེས་པར་བྱས་པའི་ཀ་ཕྲེང་འདི།  འཛམ་གླིང་མཛེས་པར་བྱེད་པའི་རྒྱན་གཅིག་དཔལ་རྒྱལ་བ་སྨན་རིའི་ཡོངས་འཛིན་སྨྲ་བའི་སེང་གེ་དཔོན་སློབ་ ༧ བསྟན་འཛིན་རྣམ་དག་རིན་པོ་ཆེ་དགུང་ལོ་གོ་ལྔ་བཞེས་པའི་འབྱུང་ལྡན་སུམ་བརྒྱ་དང་གཅིག་གི་ནང་ཚན་བོད་ལྕགས་བྱིའི་གནམ་ལོ་གསར་ཚེས་ལ་ཁ་བ་གངས་རིའི་ལྗོངས་ནས་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པའི་ཐུགས་རྗེ་བྱིན་རླབས་ལ་བརྟེན་ནས་འཚོ་བའི་དད་གུས་ཅན་རིག་པའི་ཁུ་བྱུག་གིས་དཔྱིད་མི་འགྱུར་བའི་ལྗོངས་ཆེན་༼ཡུན་ནན༽ནས་ཕུལ་བ་དགེ     2020.1.1

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།