རྟེན་འབྲེལ་ཤིས་ཚིག་གསེར་གྱི་ལྷ་དར།

རྩོམ་པ་པོ། རིག་པའི་ཁུ་བྱུག རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

འོ། ལེགས་སོ་ལེགས་སོ་ལེགས་ལེགས་སོ།།
ཨཱོྃ། ཐམས་ཅད་བདེ་ལེགས་སུ་གྱུར་ཅིག

ཕྱོགས་བཅུའི་རྒྱལ་ཀུན་ཡེ་ཤེས་ཁ༵མས།།
ཁ༵མས་གསུམ་འདྲེན་མཛད་སྟོན་པ་ཤ༵ར།།
ཤ༵ར་རོང་རྒྱལ་སྲས་རྒྱལ་བར་མཉ༵མ།།
མཉ༵མ་མེད་མགོན་དེས་དགེ་ལེགས་སྩོལ།།

རྒྱལ་ཀུན་གསང་གསུམ་བྱིན་རླབས་ཆར།།
སྙིང་དབུས་པདྨོར་སིམ་པ་ལས།།
མཚན་དྲན་བསོད་ནམས་དཔལ་རྫོགས་པ།།
བོན་བརྒྱ་ཐམས་ཅད་མཁྱེན་པས་གཟིགས།།

རྒྱན་དྲུག་ཐུགས་བཅུད་བདུད་རྩིའི་རྒྱུན།།
ངོམས་མེད་རོལ་བས་ཟླ་མེད་པ།།
གསང་ཆེན་རིག་འཛིན་རྒྱུད་ཆགས་སྡེ།།
ས་འདིར་དགེ་མཚན་ཐིག་ལེ་འཁྱིལ།།

གཤེན་བོན་དགུ་སོགས་ཐུགས་རྗེ་འོད།།
ཡོངས་ཁྱབ་ལྗོངས་ཆེན་དབང་ཕྱོགས་ན།།
སེ་ཡི་རུས་འཛིན་མུ་ཏིག་ཕྲེང་།།
སྡེ་བཞི་དཔལ་གྱི་དངོས་གྲུབ་འཇོ།།

དེ་ལྟ་རྣམ་དཀར་ལང་ཚོའི་དཔ༵ལ།།
དཔ༵ལ་ཡོན་འབར་བའི་སྙིང་བོ་ན༵།།
ན༵་ཆུང་དྲི་ཟའི་ཡིད་འཕྲོག་བུ༵།།
བུ༵་ཆུང་བདེ༷་དགེ་མཆོ༷ག་བཟང་ཐོབ།།

གེ་སར་ཁྲོམ་གྱི་སྙིང་པོ་རུ།།
རིག་འབྱུང་སྨན་རིའི་ཚལ་ཆེན་མཛེས།།
བྱིན་རླབས་དྲི་བཟང་མ་ཉམས་པ།།
མཚན་སྙན་ཉི་ཟླའི་རྣ་ཆ་གཡོ།།

གང་ཚེ་ན་ཚོད་རྒྱ་གྲོལ་བ།།
རིག་པའི་ཁྱེའུ་ཆུང་འདབ་བཟང་དེས།།
གསེར་ལྗོངས་མི་ཡི་སེང་གེ་བ།།
སྐྱབས་བློ་ངེས་གསུམ་དག་པས་བསྙེན།།

གང་ཞིག་དགེ༵་ལེ༵གས་དཔལ་མཐོ་བ།།
སྤངས་རྟོགས་ལྷུ༵ན་གྲུ༵བ་བདག་ཉིད་མགོན།།
བསྟེན་ཚེ་རྟེན་འབྲེལ་ཟབ་མོ་མཆོག།
རྒྱ༵་མཚོ༵འི་རླབས་ཕྲེང་རྣམ་པར་རྩེན།།

མཁྱེ༵ན་རབ་མཁྱེ༵ན་གཏེར་གཞོན་ནུ་དཔ༵ལ།།
དཔ༵ལ་འགྲན་དཔ༵ལ་ལྡན་བླ་མ་མཆོ༵ག།
མཆོ༵ག་བསྟེན་མཆོ༵ག་གསུམ་སྐྱབས་འགྲོ་བོ༵ན།།
བོ༵ན་སྒོ་བོ༵ན་བརྒྱ་བ་ལས་ཐོབ།།

བསོད་ནམས་སྨིན་པའི་ལང་ཚོ་ཅན།།
སྐལ་ལྡན་སྟེང་འཐུང་དཀར་པོ་ལ།།
རིགས་ཀྱི་ཅོད་པན་ཆ་གཏེར་དེས།།
ཐུགས་རྗེ་འོད་དཀར་ལན་མང་བྲན།།

དལ་འབྱོར་པད་དཀར་བཞད་པ་ལ།།
ཚུལ་ཁྲིམས་དྲི་བཟང་རབ་འཐུལ་བ།།
ལྷག་བསམ་སྦྲང་རྩིའི་ལེགས་གཏམས་འདི།།
སྙན་པ་ཕྱོགས་མེད་བུང་བས་སྒྲོག།

རིག་འབྱུང་ཆུ་གཏེར་ཆེན་པོ་ནས།།
རྒྱང་བཞུད་སྤོབས་པའི་རླབས་ཕྲེང་ཉིད།།
རྣམ་པར་རྩེན་དུས་མ་ཡོལ་བས།།
ལྷོ་ཕྱོགས་གངྒའི་ཕྱོགས་དེར་རྒྱུ།།

རྩེ་མོ་ཟླ་བའི་ཁྱུད་འཁོར་ནང་།།
སྡེ་སྣོད་འོད་ཟེར་བདུད་རྩིའི་བཅུད།།
ངོམས་མེད་རོལ་བའི་ཀུ་མུད་ད།།
བསླབ་གསུམ་དྲི་བཟང་གཏེར་དུ་སྦྲུམ།།

སྟོན་མཆོག་རྒྱལ་བ་སྨན་རི་བའི།།
ཐུགས་བཅུད་སྤྲིན་གྱི་མེ་ཏོག་ཚོགས།།
མ་ལུས་ཐོར་བས་གུར་ཀུམ་ལ།
ལུང་རྟོགས་སྦྲང་རྩིའི་དཔལ་གྱིས་ཕྱུག།

གབ་མཛོད་ས་གསུམ་གཞུང་ཆེན་མཚོ།།
རྣམ་དཔྱོད་ཧུབ་ཀྱིས་མ་ལུས་བཞེས།།
ཤེས་བྱའི་སྟོབས་ཤེད་རྫོགས་པའི་གླང་།།
ས་གཞིས་མ་ཐེག་འདར་ལ་རྩོམ།།

ལོངས་སྤྱོད་འཁོར་ལོའི་གུར་ཁྱིམ་ན།།
དྲི་ཟའི་འགྱུར་ཁུག་དམན་སྟེར་བ།།
ངག་རིག་འདོད་འཇོའི་དབང་ཐོབ་པས།།
གཙང་གཤེན་ཐུགས་དགོངས་འཕྲོག་འདི་མཚར།།

གང་ཁྱོད་ཤེས་བརྩོན་བཅུ་གཉིས་བདག།
ཤེས་བྱའི་མཁའ་དབྱིངས་ལེགས་རྒྱུ་བ།།
ལུང་རིགས་འོད་སྟོང་འགྱེད་པ་ན།།
གཤེན་བསྟན་རྒྱས་པའི་དཔལ་གཅིག་གྲུབ།།

གཞུང་ཆེན་དྲུག་གི་དགོངས་དོན་ཆུབ།།
ལྷག་པའི་ལྷ་ཡི་བསྙེན་སྒྲུབ་ཟབ།།
ཐོད་བརྒལ་མཁྲེགས་ཆོད་འོད་གསལ་གོམས།།
བཤད་སྒྲུབ་དེད་དཔོན་ཁྱོད་ལས་སུ།།

ཚད་གསུམ་ལུང་རིགས་རླབས་དཀར་ཕྲེང་།།
མཁའ་ལ་རེག་མཛད་གངྒ་མ།།
འཛམ་གླིང་མཁས་གནས་ཞི་བདེ་མཚོར།།
འདྲེས་འདིས་ཕས་རྒོལ་རྡུལ་ཚོགས་དག།

སྤང་བསྒྱུར་གྲོལ་ལམ་རྒྱ་ཆེན་མཁའ།།
ཤེས་བརྩོན་ཉི་ཟླ་འགྲུས་ཀྱིས་གཞལ།།
འགོག་མེད་རྣམ་དཔྱོད་འོད་སྣང་རླབས།།
མཐའ་བྲལ་ཁམས་ལ་ཅི་ཡང་སྤྲོ།།

བྱ༵ང་ཆེན་མྱུར་ལམ་ཟབ་དོན་ཆུ༵བ།།
ལྷག་བསམ་ཟླ༵་བ༵་བྱེ་བའི་མདངས།།
གཤེན་བསྟན་མཚོ་ལ་འཕོས་པ་ན།།
ཕན་བདེ་རླབས་ཕྲེང་འཕྱོ་འདི་གཤིས།།

ཤེ༵ས་ར༵བ་ཟབ་མོ་གསེར་གཟིངས་ལ།།
ཚུ༵ལ་ཁྲི༵མས་གཙང་མའི་དར་ཆེན་ཕྱར།།
སྲིད་པའི་འཇིག་ཚོགས་མཐ༵ར་བསྐྲད་པར།།
ཕྱི༵ན་དྲུག་ཐབས་བརྟེན་ནོར་བཟང་ཐོབ།།

ལྷོ་བྱང་ཡུལ་ན་མཚན་མཐུན་ཞིང་།།
ལྟ་སྤྱོད་བྱིན་རླབས་གཉིས་མེད་པ།།
གདན་ས་ཐབས་ཤེས་མགོན་ཞབས་ལས།།
བསོད་ནམས་བསགས་པ་མཁར་ཤོང་མིན།།

གཙུག་ལག་སེང་ཆེན་འོ་མའི་བཅུད།།
བློ་གྲོས་གསེར་ཟོ་ཡོངས་གཏམས་པས།།
སྐོམ་སྲེད་གདུང་བའི་སེའུ་བཅུ་རྣམས།།
བོན་སྦྱིན་གཏོང་བར་འགྲམ་ཆུ་ལྡང་།།

རྣམ་དཔྱོད་འོད་ཀྱིས་སྒེག་པའི་ཉི།།
གླིང་གཞན་མཁའ་ལ་ངོམས་པར་འཕགས།།
སྐྱེ་འགྲོ་པུན་ཊ་རི་ཀའི་ཚལ།།
གུས་འདུད་མགོ་ལྕོག་ལྡེམ་མཐའ་བྲལ།།

ལྷོ་ཕྱོགས་ཚལ་བཟང་ཙན་དན་དྲི༵།།
དྲི༵་བཞོན་དགའ་མས་ཕྱོགས་ཀུན་སྤྲི༵ངས།།
སྤྲི༵ངས་ཡིག་རྒྱུན་ཆད་མེད་པའི་དབྱ༵ངས།།
དབྱ༵ངས་བདུན་རྫོགས་པ་རྣ་བའི་བཅུད།།

སྡེ་སྣོད་གངས་རིའི་སུལ་ཆེན་ན༵།།
ན༵་མཉམ་རིགས་སྨྲ་ཁྲི་ཕྲག་གྲ༵ལ།།
གྲ༵ལ་དབུས་རྩོད་མེད་ཟླ་བྲལ་བཤེ༵ས།།
བཤེ༵ས་གཉེན་སེང་ཆེན་རྣམ་པར་རྒྱལ།

ཡོན་ཏན་དཀྱིལ་འཁོར་ཕྱོགས་རྫོགས་ཞེས།།
སྲིད་ཞིའི་གཙུག་རྒྱན་མངོན་མཐོ་རྗེ།།
རྒྱལ་བ་སྨན་རིའི་གདན་ས་ནས།།
བཤེས་གཉེན་དམ་པའི་ཅོད་པན་སྤྲས།།

སྔོན་གཤེགས་བྲུ་ཞུ་སྤ་རྨེའུ་གཤེ༵ན།།
གཤེ༵ན་གྱི་རིག་འཛིན་སྡེ་ཚོགས་ཞ༵ལ།།
ཞ༵ལ་དགྱེས་བསྔགས་བརྗོད་རོལ་མོའི་སྒྲ༵།།
སྒྲ༵་རྒྱལ་ཟོལ་དུ་ཞིང་ཀུན་འགེངས།།

རྒུད་མུན་སེལ་ལ་སྟོབས་རྫོགས་པ།།
ཤེས་རབ་འོད་སྣང་ནམ་མཁའི་ནོར།།
གླིང་འདིར་ཉེ་བར་བསུ་བའི་ཐབས།།
སྐྱ་རེངས་གར་མ་ཉེར་བསྡོགས་བྲེལ།།

ལེགས་སོ་གཤེན་གྱི་དྲང་སྲོང་མཆོག།
ལེགས་སོ་སྐལ་བཟང་རྨད་དུ་བྱུང་།།
ལེགས་སོ་སྐུ་ཚེ་མཛད་འཕྲིན་གཟིས།།
ལེགས་སོ་གཤེན་བསྟན་རྒྱལ་མཚན་ཚུགས།།

བཀྲ༵་གསལ་རྒྱ་མཚོའི་དཔལ་ཤར་གནས།།
ཤི༵ས་བརྗོད་དབྱངས་ཀྱིས་ཁྱོད་བསྔགས་སྐབས།།
བདེ༵་བར་གཤེགས་པའི་བྱིན་རླབས་ཀྱིས།།
ལེ༵གས་སོ་སྐུ་ཚེ་རྒྱལ་མཚན་བརྟན།།

སྐལ་བཟང་དགེ་མཚན་མངོན་ཤར་ཞབས།།
དགའ་སྤྲོ་ལྷག་བསམ་བཞད་པའི་མདངས།།
ངག་རིག་གསེར་གྱི་མེ་ཏོག་ཕོན།།
མཆོད་པའི་ཕྱག་རྒྱ་དང་བཅས་ཕུལ།།

བསམ་གཏན་ཏིང་འཛིན་སྙོམས་ཞུགས་གནས།།
རྨ་རི་དེའུ་གསུམ་ཉེ་ས་ན།།
ཕལ་བའི་གྲལ་མཐའ་མ་ཟིན་དེའི།།
ཤིས་ཚིག་དྲུག་འགྱུར་ངག་ལས་ཐལ།།

ཞེས་གཤེན་གྱི་དྲང་སྲོང་ཆེན་མོ་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་ནམ་བྱང་ཆུབ་ཟླ་བ་མཆོག་གིས་མཁས་པའི་འབྱུང་གནས་སྟེ།ཕྱོགས་ཐ་དག་ལས་རྣམ་པར་གླིང་དཔལ་རྒྱལ་བ་སྨན་རི་བའི་གདན་ས་ནས་བཀའ་རབ་འབྱམས་པའི་མཚན་རྟགས་ཁྲི་བཞེངས་སྐབས་སུ་ཕུལ་བ་དགེ་ལེགས་སུ་གྱུར་ཅིག་གུ། ཐ་ཚན་མུ་ཙུག་སྨར་རོ།།
སྤྱི་ལོ་༢༠༢༠ ཟླ་༢ ཚེས ༡༥ཉིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།