ཞང་ཞུང་རྣལ་འབྱོར་མུ་ལ་ཝེར་ཞི་དྲན་པའི་གདུང་འབོད་འོད་གསལ་རྒྱུན་ཐག

རྩོམ་པ་པོ། སྙན་བཟང་བསྟན་པ་རྒྱ་མཚོ། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

ནམ༵་ཡང་ཐུགས་རྗེའི་གཏེར་ཁྱིམ་ཚད་མེད་རྣམ་བཞིས་བརྒྱན། །
མཁ༵འ་མཉམ་འགྲོ་དོན་ཤུགས་འབྱུང་བརྩེ་བས་དམ་དུ་འཁྱུད། །
རྒྱལ༵་བསྟན་འདེགས་ལ་རྣལ་འབྱོར་གངས་ཀྱི་སེང་གེ་མཆོག །
མཚ༵ན་ལྡན་བླ་མ་སྤྱི་གཙུག་བདེ་འཁོར་རྟག་བཞུགས་མཛོད།  །

འདི་ནས་ཡར་བརྩིས་སྤྱི་ལོ་གཅིག་དགུ་གོ་བདུན་ལོར། །
ཀོ་བཙུན་གསུམ་གྱིས་ཉིད་ཀྱི་སྐུ་པར་གཅེར་ཅན་བསྟན། །
ཞང་ཞུང་རྩེ་དྲུག་གནམ་མཐོང་ཟླ་བར་བཞུགས་སོ་སྐད། །
དད་པའི་སྤུ་ལོང་ཡང་ཡང་གཡོས་གང་ཐོག་མ་ཡིན། །

ལོ་འཁོར་རེས་མོ་ལྔ་ཙམ་ཕྱིན་པའི་དུས་རྟིང་ལ། །
མདོ་སྨད་རྔ་ལྗོངས་དོ་འཕགས་ཆེན་མོའི་གདན་སར་འབྱོར། །
ཁྱུང་བཙུན་དུ་མས་རྣལ་འབྱོར་བླ་མའི་ཡོན་ཏན་གླེང་། །
མོས་དད་ཨ་ལུང་ལྡོག་མེད་ཡང་ལུང་ཁུག་ལ་སྦྲེལ། ། 

དུས་ཀྱི་སྣང་བ་སྟོན་ཁའི་རང་མདངས་ཉིན་རེར་ཤར། །
མདོ་ཁམས་སྡེ་དགེ་རྫ་ཁོག་ཤར་རྫའི་ཞིང་ལ་སླེབས། །
གྲུབ་ཆེན་བླ་མ་དེ་རུ་བྱོན་ནས་ཞག་འགའ་སོང་། །
དངོས་མཇལ་ཟིན་པ་རབ་དགའི་ས་ལ་འབྱོར་སྣང་བྱུང་། ། 

མི་ཕྱེད་དད་པས་ཕྱག་གསུམ་སྒུར་སྒུར་ཁོང་ལ་བཙལ། །
ཐོད་ཞལ་དེའི་ནང་ཤུག་འབྲུ་སྐམ་པོ་ཆུ་ཡིས་ནེམ། །
ཧུབ་ཐེངས་རེས་གསོལ་ཞལ་རླངས་དེ་ལ་ཤུག་དྲིས་ཁྱབ། །
བལྟས་ཀྱིན་བལྟས་ཀྱིན་འགྲངས་བ་ལས་ཅི་ལྟོགས་སྣང་ཤར། ། 

ཤར་རྫའི་ཞིང་ན་སྐབས་དེར་འཚོ་བ་འཁོས་ཆུང་བས། །
རྒྱུན་བཞུགས་སློབ་གཉེར་གྲངས་ནི་མང་དུ་མ་ཕྱིན་རྐྱེན། །
གྲུབ་ཆེན་བླ་མས་རྒྱལ་ཚབ་མཁན་སློབ་བཀའ་འདྲི་ཞུས། །
བསྟན་པའི་གཞི་མ་བཞུགས་ཤག་བསྐྲུན་པའི་ཐུགས་བཀོད་མཛད། ། 

རྫ་པ་ཤོག་བཞི་འབུམ་མདའ་གྲོང་དང་སྨོན་རྒྱལ་བཅས། །
སྐུ་ཉིད་དངོས་ཕེབས་ཤིང་སློང་རབས་དང་རིམ་པར་བྱས། །
ཁྱུང་ལུང་མདོ་ནས་རི་ཁྲོད་བར་མར་ལམ་ཆེན་བཟོས། །
རྫ་ཡུལ་རྒན་གཞོན་རམ་འདེགས་མཛད་གང་ཉིད་ཀྱི་དྲིན། ། 

དྲོད་ལྡན་སྤུས་ལེགས་བཞུགས་ཤག་བདུན་བཅུ་ལྷག་གྲངས་བསྐྲུན། །
དགེ་སྦྱོང་སུ་སླེབས་ཟས་ཀྱི་མཐུན་རྐྱེན་གང་ལེགས་སྦྱར། །
མཛོད་ཆེན་རྣམ་ལྔའི་དབང་ལུང་ཁྲིད་གདམས་རྒྱ་ཆེར་དར། །
ཕྱོགས་ཀྱི་བུ་སློབ་བུང་བ་རྩི་ལ་འཁོར་བཞིན་འདུས། ། 

སྟོད་ཕྱོགས་ཡུལ་ནས་དགེ་སྦྱོང་བཙུན་གཟུགས་དུག་གིས་གཟིར། །
ཕྲག་དོག་རུ་ཏྲས་གདུལ་བྱའི་ཞིང་ཁམས་ཆུང་བཟོས་ཀྱང་། །
མདོ་ཁམས་སྨད་ནས་འཕྲིན་ལས་རྒྱ་ཆེར་དར་བ་འདི། །
རྣལ་འབྱོར་བླ་མ་ཤེལ་གྱི་གོང་བུ་ཉག་གཅིག་ཡིན། ། 

ཁམས་ཀྱི་དྭངས་མ་མི་ཟས་ཀུན་སྤངས་ལོ་མང་ཕྱིན། །
ཉིན་མཚན་དུས་དྲུག་ཁྲེགས་ཆོད་ཐོད་རྒལ་ཉམས་ལེན་མཛད། །
སྦྱིན་པ་རྣམ་བཞི་ཆགས་མེད་སྐྱོངས་ལ་ངལ་མེད་པ། །
རྣལ་འབྱོར་བྱེ་བའི་གཙུག་རྒྱན་ཁྱེད་ཉིད་གཅིག་པུར་འཁུམ། ། 

ཌཱར་སིལ་དཀྲོལ་བཞིན་ཕཊཿསྒྲས་རིག་པ་ངར་ལྡུད་ཀྱིན། །
སྙེམས་ཐག་གཅོད་པའི་ངར་འཛིན་འགོང་བོ་རྩད་ཕྱུངས་པའི། །
ལུས་སྦྱིན་མགྲོན་ལ་འགྱེད་པའི་ངོ་མཚར་མཛད་སྤྱོད་དེ། །
ད་དུང་གྲགས་ལ་ད་དུང་མཇལ་བའི་སྣང་བ་འཆར། ། 

ལོ་དེའི་དཔྱིད་ཀར་མཚམས་ཁང་གྱང་གླེགས་ཡོངས་འགྲུབ་བྱུང་། །
ཐུགས་བཀོད་ནང་བཞིན་གྱང་ལྡེབ་གཅིག་ནི་མ་འགྲུབ་རྐྱེན།
གྲྭ་ཆུང་གཅིག་གིས་ས་འཕང་ཁོང་གིས་གྱང་བརྡུང་བ། །
ཆེ་ཚུགས་དོར་བའི་རྣལ་འབྱོར་བླ་མ་དོན་གྱིས་བསྔགས། ། 

རྒྱལ་ཚབ་གཉིས་པའི་བཀའ་དགོངས་གཞིར་བཞག་ལུང་རྒྱུན་ཆེད། །
བཀའ་ཡི་ལྗགས་ལུང་མཁན་སློབ་རྣམ་གཉིས་བཀའ་དྲིན་བསྐྱངས། །
གྲུབ་ཆེན་ཁོང་དང་རྒྱལ་ཚབ་དམ་པས་རྫོགས་ཆེན་དབང་། །
སྐུ་གསུམ་དམར་ཐག་དོན་དབང་སྣོད་ལྡན་ཅིག་ཆར་བསྩལ། །  ། །

གྲུབ་ཆེན་བླ་མ་ཀོང་པོ་བོན་རིར་བཞུད་དགོས་དགོངས། །
དཀར་མཛེས་ནས་ཆས་ཆབ་མདོར་བརྒྱུད་དེ་ཀོང་པོར་འབྱོར། །
བསྐོར་ཚད་བཅུ་གཅིག་བདེ་ལེགས་རྫོགས་དེ་བླ་མའི་དྲིན། །
ཟླ་ངོ་གཉིས་ལྷག་ཞབས་ཞུ་དངོས་ཞུས་བསོད་སྐལ་ཆེ། ། 

ཤར་རྫར་བཞུགས་དུས་རྒྱ་ནག་ཕྱོགས་ལ་འགྲོ་དོན་བྱོན། །
བར་དོའི་སྣང་བ་བྱུང་གསུངས་སྤྱན་ཆབ་ཆུ་ལྟར་ལུད། །
ཙི་ནའི་ཁམས་ཀྱི་སྣང་སེམས་སྒྱུ་མ་ལམ་དུ་བསླངས། །
རྣལ་འབྱོར་ཉམས་རྟོགས་མཐའ་འཁོབ་བར་དོར་འཕོས་པ་རྨད། ། 

ཀོང་པོ་སྒྱེལ་རི་ཉག་ཤོད་བྱ་བཏང་བཙུན་མའི་དགོན། །
འདུལ་བ་མོ་གླིང་བཤད་སྒྲུབ་བསྟན་པའི་རྒྱན་དུ་བཀོད། །
སོ་ཐར་རིགས་བཞིའི་སྐྱེ་བོ་ཕོ་མོ་ཐར་ལམ་བཙུད། །
གཤེན་རབ་དངོས་བྱོན་བསྟན་པའི་ཀ་ཆེན་སླར་ཡང་བསླངས། །  ། །

ཆགས་མེད་བློ་ཡིས་སྦྱིན་པ་རྣམ་བཞི་རྒྱུན་སྐྱོང་མཛད། །
ཤུག་འབྲུའི་བཅུད་བླངས་མི་ཟས་ཡོངས་སྤངས་དཀའ་ཐུབ་པ། །
སོ་བྱང་སྔགས་ཀྱི་དགོངས་པ་དངོས་ལོན་རྣལ་འབྱོར་ཆེ། །
བསྟན་པའི་སྲོག་ཤིང་དོན་གྱིས་བཞེས་གང་ཁྱེད་ཉིད་ཡིན། ། 

ཚུལ་འཆོས་མི་མངའ་ལྟ་སྤྱོད་སྒོམ་པ་ཡ་མ་བྲལ། །
འགྲོ་དོན་མི་ངལ་ཉིན་མཚན་གདམས་ཁྲིད་དོན་ལ་བརྩོན། །
ཨེ་མ་བསྟན་འཛིན་བྱེ་བའི་ཁྲོད་ན་གཤེན་རབ་བཞིན། །
དཀའ་ཐུབ་སེམས་དཔའ་གྲུབ་ཆེན་བླ་མ་དོན་གྱིས་གྲུབ། ། 

ད་ལོའི་སྐུ་སྙུང་བཞེས་སྐབས་སྐྱབས་རྗེ་སྨན་རི་བ། །
གཙུག་རྒྱན་མཁན་སློབ་མན་དང་སྐྱ་སེར་རིས་མེད་ཀྱིས། །
སྐུ་རིམ་གང་སྒྲུབ་ནམ་མཁའི་ཁམས་ལ་ཤོང་དཀའ་བ། །
མངོན་ཚུལ་འདིས་ནི་བསྟན་འཛིན་རྒྱལ་པོར་ངང་གིས་བཞེངས། །

བླ་མ་ཁྱེད་ནི་འཁོར་འདས་དབྱེ་བསལ་མེད་ན་ཡང་། །
མྱ་ངན་འདས་པའི་གཏམ་ངན་བུ་སློབ་སྙིང་ཟུག་ཚེ། །
དུས་མཐའི་མེ་དཔུང་ཤའུས་རེག་དང་མཚུངས་པར་བྱས། །
རྫོགས་ཆེན་དམར་ཁྲིད་སེམས་རིག་གཏེར་སྒོ་སུ་ཡིས་འབྱེད། ། 

སྣང་སྲིད་གཞིར་བཞེངས་དག་པར་ཤར་ཉིད་ཞིང་གཞན་གྱི། །
སྨོན་པའི་འབྲས་བུ་སྐྱེ་རབས་འཕྲེང་བ་འདོད་མ་ཡིན། །
ལྷུན་གྲུབ་རིག་རྩལ་གཞོན་ནུ་བུམ་སྐུའི་ནང་དབྱིངས་ཀྱི། །
སྐུ་གསུམ་རྒྱལ་ས་གྲུབ་རྗེ་བླ་མའི་བཞུགས་གདན་མཛོད། ། 

འདོད་རྟེན་མ་རིག་ཁམས་བཅིང་བདག་བློ་གཤོག་སྣེ་ཡིས། །
གྲུབ་ཆེན་བླ་མའི་གསང་གསུམ་ནམ་མཁའ་དཔོག་མིན་ཀྱང་། །
བཀའ་དྲིན་བསྐྱངས་པའི་བླ་སློབ་ངེད་ཟུང་ཐུགས་ནང་གཤིན། །
ཞབས་སྣེ་ཟིན་པའི་བསོད་ནམས་ཆ་ཙམ་དད་པས་བྱས། ། 

ཁྱུང་དང་སེང་གེ་རྣལ་འབྱོར་གསུམ་ནི་རྩལ་རྫོགས་དུས། །
རྒྱ་གསུམ་རལ་ནས་རྩལ་ཆེན་ངོམ་པའི་ཤུགས་འབྱུང་གི །
ལྷུན་གྲུབ་རྩལ་སྣང་ཀ་དག་བསྡུས་ལ་སླར་ཡང་འཆར། །
དེངས་པ་གསུམ་ལྡན་བླ་མའི་ཐུགས་རྗེ་མི་ལྷོད་མཛོད། །

ཞལ་མཇལ་གསུང་ཐོས་ཐུགས་ཉམས་མོས་དད་འཇུག་པའི་བུས། །
བླ་མའི་རྟོགས་བརྗོད་གསེར་གླིང་དྲུག་འགྱུར་སྟབས་ལ་དྲངས། །
ཚེ་རབས་འཕྲེང་བར་མཉེས་པ་གསུམ་གྱིས་ཐུགས་དགྱེས་ཏེ། །
བླ་མེད་རྩེ་རྒྱལ་རྟོགས་པ་མཆོག་ལྡན་དགང་བར་ཤོག ། 

༧ཞེས་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་ས་སྟེང་ན་འགྲན་ཟླ་བྲལ་བའི་དཀའ་ཐུབ་པ་ཆེན་པོ། སྐུ་ཚེ་གང་བོར་མི་ཟས་སྤངས་ཤིང་ཤུག་འབྲུ་རྐྱང་པ་གསོལ་ཏེ་རང་ལུས་བཅོམ་ཞིང་ཉམས་རྟོགས་ཐོད་ཀྱིས་བརྒལ་བའི་རིག་འཛིན་ཆེན་པོ།  རྫོགས་ཆེན་ལུགས་ཀྱི་གཞི་ལམ་འབྲས་གསུམ་གཅིག་ཏུ་འདོད་པའི་བཞེད་གཞུང་ལྟར་གྲུབ་རྗེ་ཁོང་ཉིད་ཀྱི་གསང་གསུམ་དཀྱིལ་འཁོར་ཡེ་དག་ཀུན་ཏུ་བཟང་པོར་ཤར་ནའང་། མཚན་བཅས་དགེ་སྦྱོར་ཆགས་མེད་མཛད་དེ་སྐུ་ཚེ་གང་བོ་རི་ལ་བསྐྱལ་བ་མཛད། གུས་པ་བདག་གིས་ཁོང་ཉིད་བསྟེན་ཡུན་ཅུང་རིང་ཞིང་ཟབ་གདམས་མན་ངག་གང་མང་བསྩལ་བ་མ་ཟད་ལོ་དྲུག་བདུན་ཙམ་ལ་ཟས་ཀྱི་མཐུན་རྐྱེན་བླ་ལྷག་གནངས། བཀའ་དྲིན་གཞལ་མཐའ་བྲལ་བ་ཁོང་ཉིད་གདུལ་བྱའི་བསོད་ནམས་དམན་རྐྱེན་རྟག་འཛིན་སུན་དབྱུང་དགེ་ལ་སྐུལ་ཆེད་མྱ་ངན་འདས་ཚུལ་བསྟན་སོང་ནའང་། བླ་མའི་གསང་གསུམ་འཕྲིན་ལས་ནམ་ཡང་འཛད་མེད་གཡུང་དྲུང་གི་གཤིས་སུ་སྣང་ངོ་ཞེས་གང་གི་སློབ་འབངས་གྲལ་མཐའ་བ་ཀུན་མཁྱེན་ཤར་རྫ་འཇའ་ལུས་པའི་གདན་སའི་སྒྲུབ་ཐོན་རྟོགས་ལྡན་བླ་མའི་མིང་ཙམ་འཛིན་པ་སྙན་བཟང་བསྟན་པ་རྒྱ་མཚོས་བླ་མའི་དགུང་ཞག་ནང་དུ་དད་པས་ཀུན་ནས་བགྱིས་པ་ལགས་སོ།།  །།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།