རེབ་གོང་བོན་མང་གི་དབྱར་གྱི་ཞི་ཁྲོའི་སྒྲུབ་མཆོད་ཆེན་མོ་སྤྱི་རྟིང་གདོང་མགོ་ཚང་ཐེག་ཆེན་སྨིན་གྲོལ་རྒྱ་མཚོ་གླིང་དུ་འཚོགས་པ།

རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

དེ་ཡང་མདོ་ཁམས་སྨད་ཀྱི་ཡུལ་གྲུ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་ཤར་ཕྱོགས་རི་བོ་བྱ་རྒྱལ་ཁྱུང་གི་གཡས་འདབས་སུ་ཆགས་པའི་ཡི་དམ་དབལ་རམ་འབུམ་གསུམ་ལ་མངའ་བརྙེས་པའི་རེབ་གོང་གྲུབ་ཐོབ་རྣམ་གསུམ་ལས་སྤྱི་རྟིང་འཁོར་ལོས་བསྒྱུར་རྒྱུད་དུ་ཆགས་པའི་སྒྲུབ་སྡེ་གདོང་མགོ་ཚང་ཐེག་ཆེན་སྨིན་གྲོལ་རྒྱ་མཚོའི་གླིང་དུ་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་དུས་བཞིའི་སྒྲུབ་མཆོད་ཆེན་མོའི་ཡ་གྱལ་དབྱར་གྱི་ཞི་ཁྲོའི་སྒྲུབ་མཆོད་ཆེན་མོ་བོད་ལྕགས་བྱི་ལོའི་ཧོར་ཟླ་༥བའི་ཚེས་༡༣ཉིན་ཡར་འཚོགས་བྱས་པ་དང་།

གསང་སྔགས་བསྐྱེད་རྫོགས་ཟབ་མོ་མངའ་བརྙེས་ཤིང་རྟོགས་ཚད་ལྟ་བའི་གདེངས་ཐོབ་པའི་རིག་འཛིན་འདུས་མང་ཀུན་གྱི་ཚོགས་མགོན་དུ་དཔལ་བླ་མ་སྐྱང་སྤྲུལ་རྒྱལ་བའི་དབང་པོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བྱིངས་འདྲེན་ཆེན་མོས་གསུང་འགོ་ཚུགས་པ་དང་ལྷན་འབྲུག་སྟོང་དུས་གཅིག་ཏུ་གྲགས་པ་ལྟ་བུའི་གདངས་དབྱངས་དང་། དགོངས་པ་ཁྱད་པར་ཅན་གྱིས་ཟིན་པའི་ལྟ་བའི་ཀློང་ནས་ཞི་ཁྲོའི་གཞུང་བསྲང་བ་དང་། དེ་ཡང་གུང་ཚིགས་བར་གསེང་ནས་རིག་འཛིན་བོན་གཤེན་རྣམས་ལ་དཔལ་སྐྱང་སྤྲུལ་རིན་པོ་ཆེས་དཔེ་དོན་རྟགས་གསུམ་གྱི་སྒོ་ནས་རང་འབྱུང་གི་རིག་པ་ཟང་ཐལ་འདི་ཉིད། མྱོང་བ་སེམས་ཉིད་ཚད་མའི་སྟེང་དུ་ངོ་སྤྲོད་ཚུལ་ཇི་ལྟར་བྱེད་ཚུལ། གསང་ཆེན་མ་རྒྱུད་ཐུགས་རྗེ་ཉི་མའི་རྒྱུད་གསུམ་གྱི་ནང་ཚན་ལམ་མངོན་སངས་རྒྱས་པའི་རྒྱུད་ལས། ཐིག་ལེ་གཅིག་ལ་དཔེ་བརྒྱད་ངོ་རུ་སྤྲད། བོན་སྐུ་རང་ས་ཟིན་པའི་ངོ་བོ་ལ། སེམས་ཀྱི་འཁོར་ལོ་བསྒྱུར་བའི་བཞག་ཐབས་བརྒྱད་ཅེས་གསུང་བ་བཞིན། དཔེ་བརྒྱད་མཛུབ་ཚིགས་ལྟ་བུའི་མཚོན་ཐབས་ཀྱིས་མྱོང་བ་ལྟ་ཐོག་ཏུ་འཇོག་པའི་བཞག་ཐབས་སོགས་སེམས་ངོ་སྤྲད་ཅིང་། ཞོར་དུ་བཀའ་སློབ་གནད་སྨིན་དུ་བསྩལ།

ཚེས་༡༤ཉིན་ཚོགས་ཆེན་དགེ་བསྐོས་ཆེན་མོ་བོན་གཤེན་གཅོད་པ་སྐྱབས་ལགས་ཀྱིས་སྒྲུབ་གཤེན་ཕུར་ཐོགས་ཡོངས་ལ་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པའི་སྤྲིན་ཕུང་གཏིབས་ཤིང་བསོད་ནམས་ཚོགས་ཀྱི་དང་པོ་དམིགས་ནས་སྐུ་འགྱེད་དང་མང་ཇ་སོགས་མཆོད་འབུལ་རྒྱ་ཆེར་བགྱིས།  ཕྱི་དྲོའི་ཆར་ཚོགས་མང་སྒྲུབ་གཤེན་རྣམས་རང་ཁྱིམ་དུ་གདན་ཞུ་བཞིན་བོན་མང་ཕུར་ཐོགས་སྟོང་གི་རིག་འཛིན་སྐུ་ན་རྒན་རིམ་བཞིན། བོན་གཤེན་རྣམས་ཀྱི་གཤེན་འགྲོས་གཡུང་དྲུང་གི་གུར་ཁང་སྦྱིན་པའི་བདག་པོའི་ཁྱིམ་དུ་ཕུབ་ནས་དགེ་བསྐོས་ཆེན་མོས་སྐུ་འགྱེད་དང་གསོལ་ཚིགས་དྲངས་རྗེས། རིག་འཛིན་བོན་གཤེན་རྣམས་ནས་གཞི་བརྟན་པའི་བཀྲ་ཤིས་རབ་གནས་མཛད་ཅིང་། ཕྱྭ་གཡང་ཚེ་བསོད་རྒྱས་པའི་གཡང་འབོད་ཚེ་སྒྲུབ་གསུངས་ནས་ཉིན་འདིའི་མཛད་སྒོ་མཇུག་གྲུབ་ཅིང་།

ཚེས་༡༥ཉིན་ཡི་དམ་ཀུན་འདུས་ཀྱི་གཞུང་བསྲངས།

ཚེས་༡༦་ཉིན་གྱི་ཞོགས་པ་ཉི་ཤར་གྱི་རྩེ་མོར་རིག་འཛིན་བོན་གཤེན་རྣམས་ནས་ཐེག་ཆེན་སྨིན་གྲོལ་རྒྱ་མཚོའི་གླིང་གི་གསས་ཁང་ཆེན་མོ་ནས་བཀྲ་ཤིས་གཡང་ཇ་བཞེས་པ་དང་ལྷན་དུ་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་ཐེངས་འདིའི་དབྱར་ཞི་ཁྲོའི་སྒྲུབ་ཚོགས་ཆེན་མོ་ཡོངས་སུ་བཀྲ་ཤིས་ངང་མཇུག་གྲུབ་ཡོད་པའི་གནས་བསྡུས་ཙམ་དུ་རྩོམ་སྒྲིག་པས།   ཐ་ཚན་མུ་ཙུག་སྨར་རོ།

རྩོམ་སྒྲིག་པ། རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།