གྱང་རིའི་ལབ་ཙེ་གསར་དུ་གཞི་རྩིག་གནང་བ།

བོད་ཟླ་དྲུག་པའི་ཚེས་བཅུ་བདུན་ནས་བཅོ་བརྒྱད་བར་གྲུབ་པའི་དབང་ཕྱུག་ཆེན་མོ་གྱང་རིའི་ཨ་མྱེས་ཐུགས་རྗེ་དབང་འབུམ་གྱི་གདན་སའི་སྐྱ་སེར་ཕོ་མོ་ཡོངས་ཀྱི་རེ་ཞུ་ལྟར། བླ་མ་སྐྱང་སྤྲུལ་ཚུལ་ཁྲིམས་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་གཙོས་རང་དགོན་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་ལྷ་རྗེ་བསོད་ནམས་རྒྱལ་མཚན་ནམ་ཡོངས་གྲགས་སུ་ཨ་ཁུ་བླ་མ་དང་། དགེ་སློང་ཤེས་རབ་རྒྱལ་མཚན་འཁོར་བཅས་ཀྱིས་ཉིན་གསུམ་གྱི་རིང་ལ་བོན་ཆུང་ལབ་ཙེ་དང་གཉན་སྟེང་ལབ་ཙེ་གཉིས་གསར་དུ་གཞི་རྩིག་གནང་བ་ལ་གཡུ་འབྲུག་སྔོན་མོའི་ངར་སྐད་ལྷང་ལྷང་སྒྲོག་ཅིང་། སྦྲང་ཆར་བསིལ་མའི་རྒྱུན་བཟང་ཤག་ཤག་འཇོ་བའི་མུར་མཁའ་ལ་ཉི་ཟེར་འཕྲོ་ཞིང་འཇའ་ཚོན་འཁྲུགས་པ་ལ་སོགས་པའི་རྟགས་དང་མཚན་མ་ལེགས་པར་མངོན། མཇུག་མཐར་སྡེ་བའི་རྒན་གཞོན་ཀུན་ལ་ཁ་འཆམ་གྲོས་འགྲིག་དང་དགེ་སྒྲུབ་སྡིག་སྤོང་། ཁྱད་པར་དུ་ལོ་ཆུང་གཞོན་ནུ་རྣམས་ཀྱིས་རིག་པའི་གནས་ལ་བརྩོན་དགོས་ལུགས་སོགས་ཀྱི་ཞལ་ཏ་ཡང་དག་གནད་འཁེལ་གནང་བ་དང་བཅས་པའི་གནས་ཚུལ་རགས་བསྡུས་ཙམ་སྤེལ་བའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།