མདོ་གཡུང་དྲུང་ཀློང་རྒྱས་ཀྱི་བཀའ་དབང་བསྩལ་བ།

2020ལོའི་བོད་ཟླ་དྲུག་པའི་ཚེས་ཉི་ཤུ་ནས་ཉེར་གཅིག་བར་རྩེ་གཞུང་སོ་ནག་བོན་པོ་ཚང་གི་གདན་ཞུ་ལྟར། རེབ་གོང་བོན་བརྒྱ་དགོན་པའི་བླ་མ་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་མཆོག་སོ་ནག་བོན་དགོན་དུ་ཆིབས་བསྒྱུར་གནང་སྟེ། མདོ་གཡུང་དྲུང་ཀློང་རྒྱས་ཀྱི་བཀའ་དབང་དང་འབྲེལ་དད་ལྡན་མང་ཚོགས་ཡོངས་ལ་བསམ་པ་སེམས་བསྐྱེད་ཡག་པོ་ཡོང་དགོས་ལུགས་དང་། ལས་དགེ་བ་བཅུ་ལ་འབད་ཅི་ཐུབ་དང་མི་དགེ་བའི་ལས་ལ་འཛེམ་ཅི་ནུས་ཀྱིས་ཆོས་ཁྲིམས་དང་རྒྱལ་ཁྲིམས་ལ་བརྩི་སྲུང་ནན་ཏན་བྱ་རྒྱུ། ཆོས་ཁྲིམས་རྩིས་ན་རྒྱལ་ཁྲིམས་རྩིས་ཡོད་ལ་རྒྱལ་ཁྲིམས་རྩིས་ན་ཆོས་ཁྲིམས་ཀྱང་རྩིས་ཡོད་པས་ཚུལ་མིན་གྱི་ལས་ལ་ཤིན་ཏུ་གཟབ་དགོས་ཚུལ། དེ་མིན་བླ་སྔགས་ཕན་ཚུན་ཡིན་ནའང་འདྲ་རོང་འབྲོག་སྐྱ་སེར་ཕོ་མོ་གང་ཡིན་རུང་ཕན་ཚུན་མཐུན་སྒྲིལ་ཡོང་བ་བྱས་ཏེ་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་ལ་ལྷག་ཏུ་བརྩོན་པར་མཛད་དགོས་ལུགས། བདག་ཅག་གི་རྩ་བའི་བླ་མ་དམ་པ་བོན་བརྒྱ་རིན་པོ་ཆེའི་དུས་མཆོད་ཀྱི་ཉིན་མ་དགོན་བུ་དགོན་དང་བཅས་པའི་བླ་གྲྭ་སེར་སྐྱ་ཕོ་མོ་ཡོངས་ཁོང་རིན་པོ་ཆེའི་གདན་ས་ཁྱད་པར་ཅན་བོན་བརྒྱ་དགོན་པར་ཞལ་འཛོམས་གནང་སྟེ་དུས་མཆོད་ལེགས་པར་བསྒྲུབ་རྒྱུ་ལ་སོགས་པའི་ཞལ་ཏ་བཀའ་སློབ་གནད་སྨིན་གནང་བ་མ་ཟད། རེབ་འདིའི་དབང་ཡོན་དང་མཇལ་དར་ཡོངས་རྫོགས་ཕྱིར་སོ་ནག་དགོན་པར་ཕུལ་བ་དང་། སོ་ནག་ཨ་ཁུ་བསྟན་པས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོས་ཐོག་ཐེབས་རྩར་དམངས་སྒོར་ཁྲི་གསུམ་ཕུལ་བ་དང་བཅས་མཇུག་ལེགས་པར་གྲུབ་པའི་གནས་ཚུལ་རགས་བསྡུས་སུ་སྤེལ་བའོ།།

འོད་དཀར་དབུས་ན་འཇའ་ཟེར་འཁྲུགས་པ་ཞིག་གིས་སྔོན་བསུ་གནང་བ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།