རེབ་གོང་བོན་བརྒྱ་དགོན་པའི་ལྔ་རིག་གཞུང་ཆེན་སློབ་གླིང་གིས་ཡིག་རྒྱུགས་དང་རྩོད་རྒྱུགས་བླངས་པ།

རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།

བརྗིད་ལྡན་མི་འཇིགས་གདོང་ལྔའི་ཁྲི་སྟེང་ན།།
མཉམ་མེད་སངས་རྒྱས་སྟོང་གི་ཞལ་སྐྱིན་མཆོག།
སྐྱབས་གཅིག་རྗེ་བཙུན་བླ་མའི་ཞབས་དྲུང་ལ།།
སྒོ་གསུམ་གུས་པ་ཆེན་པོས་ཡང་ཡང་འདུད།།

འཆད་ལ་དབང་འབྱོར་རྨོངས་པའི་བློ་སྒོ་འབྱེད།།
རྩོད་ལ་ཟླ་བྲལ་ཕས་ཀྱི་རྒོལ་ངན་འཇོམས།།
རྩོམ་ལ་བྱང་ཆུབ་དྲི་ཟའི་གདངས་ཀྱང་མཆིས།།
སྐྱེ་རྒུ་ཡོངས་ཀྱི་གཙུག་ན་བརྗིད་འདི་མཚར།།

རིས་སུ་མ་ཆད་ཕྱོགས་ཀུན་འཕྲོ་བ་ཡི།།
ཁྱེད་སྐུ་འཛུམ་ཞལ་གསར་བའི་འོད་སྣང་གིས།།
མ་རིག་འཁྲུལ་བའི་འཆིང་བ་ལས་གྲོལ་ནས།།
སླར་ཡང་གདུལ་བྱའི་རྒྱལ་ས་ཟིན་གྱུར་ཅིག།

༄༅།།དེ་ཡང་གཤེན་གྱི་འདུས་སྡེ་ཆེན་མོ་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་དུ་བཤད་གྲྭ་བའི་སློབ་མ་རྣམས་ནས་ད་ལོའི་ཟླ་བ་གཉིས་པ་ནས་བཟུང་དེ་རིང་(2020.6.27)ལ་ཐུག་གི་བར་དུ་བདུན་ཕྲག་རེ་རེའི་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་དམ་འཛིན་དང་གཙིགས་ཆེན་དུ་བཟུང་ནས་དེ་རིང་གི་ཕྱི་དྲོ་ལ་ཡིག་རྒྱུགས་དང་རྩོད་རྒྱུགས་ལ་ཞུགས་པའི་གནས་ཚུལ་ཕྲན་ཙམ་ཞུ་བ་ལ་དང་པོ་མཁན་པོ་གཡུང་དྲུང་བསྟན་པ་དང་དགེ་རྒན་ཕུན་ཚོགས་སྙན་གྲགས། དགེ་རྒན་དུང་དཀར་བསམ་གཏན་དང་རྣམ་པ་གསུམ་གྱི་དབུ་ཁྲིད་འོག་ཕྱི་དྲོའི་དུས་ཚོད་གསུམ་ནས་བཞིའི་བར་འཛིན་གྲྭ་གོང་མ་ལ་དཔོན་སློབ་ཡོན་ཏན་རྒྱ་མཚོའི་རྟགས་རིགས་དང་འཛིན་གྲྭ་ཞོལ་མ་ལ་མཁན་ཉི་མའི་སྡུད་གྲྭ་བཅས་ཀྱི་རྒྱུགས་བླངས།

ཆུ་ཚོད་བཞི་བ་ནས་དྲུག་པའི་བར་རྩོད་རྒྱུགས་བླངས་པ་དང་མཇུག་མཐར་མཁན་པོ་གཡུང་དྲུང་བསྟན་པ་དང་ཀྲུའུ་རིན་གཡུང་དྲུང་བསྟན་འཛིན་རྣམ་པ་གཉིས་ནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་སྤྱི་དང་སྒོས་སུ་རང་ཅག་གི་སྐྱབས་རྗེ་བླ་མའི་གདན་ས་ཁྱད་པར་ཅན་འདི་ནས་འདི་ལྟ་བུའི་སློབ་གཉེར་རྒྱུན་འཁྱོངས་བྱས་པ་ནི་རྗེས་སུ་ཡི་རང་དང་དམིགས་ཀྱིས་དགེ་རྒན་རྣམ་པ་གཉིས་ལ་བཀའ་དྲིན་དང་སེམས་འདུན་མཚོན་བྱེད་དུ་དྲི་མེད་ཀྱི་ལྷ་དར་ཕུལ་ཞིང་མ་འོངས་པ་ནའང་སློབ་མ་སུ་ཡིན་ཡང་མི་ཚེ་ཐོས་བསམ་ལ་གཞོལ་དགོས་ཚུལ་གྱི་བསླབ་བྱ་མང་དུ་གནང་སྟེ་བསྟན་པ་རྒྱས་པའི་སྨོན་ལམ་དང་བཅས་ཏེ་མཇུག་ལེགས་པར་གྲུབ་པ་དགེའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།