རེབ་གོང་མག་སར་གསང་སྔགས་གཡུང་དྲུང་བསྟན་དར་གླིང་གིས་སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་གདན་ཞུ་བྱས་པ།

རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

རེབ་གོང་མག་སར་ཞེས་པ་ནི་ཡར་ནང་བོན་སྡེ་ཁ་གསུམ་གྱི་ནང་ཚན་ཡིན་པ་དང་། དེ་རིང་སྟེ་སྤྱི་ལོ་༢༠༢༠ལོའི༦པའི་ཚེས༢༩ཉིན་སྐྱབས་རྗེ་རྩ་བའི་བླ་མ་བོན་བརྒྱ་རིན་པོ་ཆེ་མཆོག་གི་སྐུ་གདུང་གསར་བཞེངས་ལེགས་པར་གྲུབ་སྟེ་ད་ནངས་སྔ་དྲོའི་ཆུ་ཚོད་༨པའི་སྟེང་ཡུལ་རེབ་གོང་ལ་སླེབས་པ་དང་།

སྡེ་བའི་སྐྱེས་པ་རྣམས་ཀྱིས་རླངས་འཁོར་དང་འཕྲུལ་རྟ་སོགས་ཞོན་ནས་ལེ་བར་བཅུ་ཕྲག་ལྷག་གི་མཚམས་ལ་སོང་ནས་ཆིབས་བསུ་བྱས་པ་དང་། ལམ་བར་ན་ཡོད་པས་བོན་བརྒྱ་སྡེ་བའི་སྐྱེས་པ་རྣམས་ཀྱིས་ཀྱང་བསང་ཕུལ་པ་དང་རླུང་རྟ་བསྐྱོན་ཏེ་རིན་པོ་ཆེའི་སྐུ་གདུང་ལ་འཇལ་དར་དྲངས།

མག་སར་སྡེ་བར་སླེབས་པ་ན་སྡེ་བའི་བོན་གཤེན་རྣམས་དང་དད་ལྡན་སྐྱེས་མ་ཡོངས་ཀྱིས་ལག་ཏུ་ལྷ་དར་ཡར་བཀྱགས་ཏེ་མ་ཏྲིའི་དབྱངས་རྟའི་ཁྲོད་ནས་བསུ་བ་བྱས།

མག་སར་གསང་སྔགས་གཡུང་དྲུང་བསྟན་དར་གླིང་གི་གསས་ཁང་སྒོ་ཆེན་གྱི་མདུན་སར་རེབ་གོང་བོན་བརྒྱ་དགོན་པའི་བླ་གྲྭ་ཡོངས་ནས་སྤྱན་འདྲེན་གྱི་རོལ་མོ་མཚམས་མ་ཆད་པར་གསས་ཁང་ནང་དུ་གདན་ཞུ་བྱས་པ་དང་།

བླ་མ་གྲྭ་ཚང་ནས་སྲུང་་མའི་བསྐང་གསོལ་དང་གཡུང་དྲུང་བོན་གྱི་བསྟན་པ་ཡུན་ནས་ཡུན་དུ་དར་བའི་སྨོན་ལམ་གསུང་ཏེ་རིན་པོ་ཆེའི་སྐུ་གདུང་གདན་འདྲེན་ཆིབས་བསུའི་གནས་ཚུལ་རགས་བསྡུས་ཙམ་སྤེལ་བའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།