རྗེ་བླ་མ་བོན་བརྒྱ་ཐམས་ཅད་མཁྱེན་པའི་གསེར་སྐུ་ང་འདྲ་མ་གདན་འདྲེན་ཞུས་པ།

རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

དེ་ཡང་བོད་ཟླ་བདུན་པའི་ཚེས་གསུམ་ཉིན་གྱི་ཞོགས་པའི་ཉི་ཟེར་དྲོན་མོ་ནོར་འཛིན་སྒེག་མོའི་ལྟོ་བར་ལྷོད་ཀྱིས་འཁྱིལ་བའི་བཀྲ་ཤིས་དུས་བཟང་གི་སྐབས་འདིར། སྐྱབས་རྗེ་བླ་མ་མཁས་གྲུབ་བོན་བརྒྱ་རིན་པོ་ཆེ་ཁོང་སྐུ་འཚོ་བཞུགས་སྐབས་དངོས་སུ་ཞལ་བཀོད་གནང་བ་ལྟར་སྤྱི་སྟོན་འཁོར་ལོས་བསྒྱུར་རྒྱལ་གྱི་གདན་ས་སྤྱི་རྟིང་བོན་གཤེན་རིག་པ་འཛིན་པའི་སྔགས་འཆང་ཆེན་མོ་བསོད་ནམས་ཚེ་རིང་ལགས་ཀྱིས་སྦྱིན་བདག་མཛད་དེ་བཞེངས་གྲུབ་གནང་བའི་ཁྲི་ཚད་བདུན་ཅན་གྱི་གསེར་སྐུ་ང་འདྲ་མ་གདན་འདྲེན་གྱིས་རེབ་གོང་གསེར་ལྗོངས་འབྲོག་སྟག་ཐང་དུ་སླེབས་པ་ན། བོན་མང་འདུས་སྤྱིའི་བཀོད་སྒྲིག་ལྟར་གླིང་བརྒྱའི་བོན་ཚང་མ་དང་སྙན་བཟང་བོན་ཚང་མ། དེ་བཞིན་དུ་གྱང་རུ། ཁྱུང་བོ་ཐང་། རྒྱ་མཚོ་དཔའ། སྟོང་ཆེ། གད་པ་སྐྱ་བོ། དར་གྲོང་། ངོ་མོ། གདོང་མགོ་ཚང་། ནོའུ་རོང་། ཁྱུང་བོ་ལ་ཁ། ཉིན་ཐ། སྡོང་སྐམ་བཅས་ཀྱི་ཆིབས་བསུ་བ་རྣམས་ཀྱིས་རིམ་པ་བཞིན་དུ་གོས་དར་ཁ་བཏགས་སོགས་ཀྱིས་སྣེ་དྲངས་ཏེ་མཇལ་ཁ་ཞུས་ཤིང་བསུ་མའི་སྟར་ཕྲེང་ལེགས་པར་བསྒྲིགས་ཏེ་ཁྱུང་བོ་ཐང་དུ་འབྱོར་བ་ན། རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་དཔྱིད་ཀྱི་སྒྲུབ་མཆོད་ཆེན་མོ་འཚོགས་སྐབས་དང་རྟེན་འབྲེལ་འགྲིག་པས་བོན་མང་འདུས་པ་རྒྱ་མཚོས་རྔ་སྦུབ་རྒྱ་གླིང་གི་རོལ་མོ་དང་བསྡོངས་ནས་ཁྱུང་བོ་ཐང་གི་གསས་ཁང་དུ་གདན་འདྲེན་ཞུས་ཤིང་མཎྜལ་མཆོད་པ་དང་བཅས་མཇལ་ཁ་ལེགས་པར་ཞུས། དགེ་བསྐོས་གནམ་ལྷ་རྒྱལ་ལགས་ཀྱིས་བོན་མང་སྤྱིའི་ཚབ་བྱས་ཏེ་སྦྱིན་བདག་ཆེན་མོར་ཁ་བཏགས་འཐེན་པ་དང་། བཀྲ་ཤིས་ཁ་གཡང་དང་བཅས་བཀའ་དྲིན་ཞུ་གསོལ་གནང་།  

 དེ་ནས་སླར་ཡང་ཆིབས་བསུའི་སྟར་ཕྲེང་ལེགས་བསྒྲིགས་ཀྱིས་ཡར་ནང་བོན་བརྒྱ་སྡེ་བར་འབྱོར་དུས། ཡར་ནང་བོན་སྡེ་ཁ་གསུམ་གྱི་སྒྲུབ་མཆོད་ཆེན་མོ་འཚོགས་པ་དང་སྐབས་འཁེལ་བས་དེ་གའི་སྔགས་འཆང་རིག་པ་འཛིན་པ་དག་གིས་བསུ་མ་གནང་། དེ་ནས་རང་དགོན་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་དུ་འབྱོར་བས། མགོན་པོ་གང་གི་ཐུགས་ཀྱི་སྲས་མཆོག་བླ་མ་སྐྱང་སྤྲུལ་ཚུལ་ཁྲིམས་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་གཙོས་པའི་སྤྲུལ་སྐུ་གཡུང་དྲུང་དབང་རྒྱལ་ཚང་དང་སྤྲུལ་སྐུ་འཇིགས་མེད་བློ་གྲོས། སྤྲུལ་སྐུ་གཡུང་དྲུང་བདུད་འཇོམས་སོགས་རང་དགོན་གྱི་བླ་སྤྲུལ་མཁན་གསུམ་དང་རྣམ་དག་འདུལ་བ་འཛིན་པའི་གྲྭ་ཚང་འདུས་སྤྱི་སོགས་དད་ལྡན་མང་ཚོགས་ཡོངས་ཀྱིས་རྔ་དུང་དབྱངས་ཀྱི་རོལ་མོ་དང་མ་ཏྲིའི་དབྱངས་རྟས་ཆིབས་བསུ་རྒྱ་ཆེའི་ངང་བོན་བརྒྱ་བླ་བྲང་རྩེ་མཆོག་གསུམ་མཆོད་པའི་ལྷ་ཁང་དུ་གདན་འདྲེན་ལེགས་པར་ཞུས།

བླ་མ་སྐྱང་སྤྲུལ་རིན་པོ་ཆེས་མཇལ་དར་འབུལ་བཞིན་པ།

བླ་མ་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་་རིན་པོ་ཆེ་དང་མཁན་པོ་བསྟན་པའི་ཉི་མ་རྣམ་གཉིས་ཀྱིས་ཀྱང་རང་དགོན་གྲྭ་ཚང་ཡོངས་དང་ལྷ་སྡེའི་བོན་འབངས་ཡོངས་ཀྱི་ཚབ་མཛད་དེ་སྦྱིན་བདག་ཆེན་མོ་སྔགས་འཆང་བསོད་ནམས་ཚེ་རིང་ལགས་ལ་གོས་དར་ཁ་བཏགས་ཕུལ་ནས་བཀྲ་ཤིས་ཞལ་གཡང་དང་བཀའ་དྲིན་ཞུ་གསོལ་གནང་།

དེ་དང་འབྲེལ་སྲིད་ན་དཀོན་པའི་སྐྱབས་རྗེ་བླ་མ་རིན་པོ་ཆེའི་གདུང་རུས་རིན་པོ་ཆེ་གདན་འདྲེན་གྱིས་སྐུ་གདུང་སྐུ་གསུམ་མཐོང་བ་རང་གྲོལ་ཆེན་མོར་བཞུགས་གསོལ་གནང་ནས་གཟུངས་བཞུགས་ལེགས་བསྒྲུབས་དང་སྤྱན་འདྲེན་ཁྲུས་གསོལ། བཀྲ་ཤིས་རབ་གནས་ཚུལ་བཞིན་མཛད་པ་དང་བཅས་པའི་གནས་ཚུལ་རགས་བསྡུས་སུ་སྤེལ་བ་དགེའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།