རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་དཔྱིད་ཚུགས་སྒྲུབ་མཆོད་ཆེན་མོ།

༄༅། །ད་ལོ་ནི་ལོ་སྔོན་མ་དག་དང་མི་མཚུངས་པར་འཛམ་གླིང་རང་བཞིན་གྱི་ནད་ཡམས་ངན་པའི་འཚེ་བ་དྲག་ཏུ་འཁྲུགས་པའི་ལོ་ཟླ་ཁྱད་པར་ཅན་ཞིག་ཡིན་པས། ༢༠༢༠ལོའི་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་དཔྱིད་ཀྱི་སྒྲུབ་མཆོད་ཆེན་མོ་དེ་ཡང་རྒྱ་ལོའི་ཚེས་པ་ལྔ་ནས་བརྒྱད་བར་འཚོག་མ་ཐུབ་པར་ད་བར་དུ་དུས་འགྱངས་བྱུང་། ཡིན་ནའང་ད་ལྟ་རང་རེའི་ཡུལ་ཁམས་འདིར་ལྟོས་བཅོས་ཀྱིས་ཅུང་བདེ་འཇགས་སུ་གྱུར་ཡོད་པས་དཔྱིད་ཚུགས་སྒྲུབ་མཆོད་ཆེན་མོ་ཡང་བོད་ཟླ་བདུན་པའི་ཚེས་གཅིག་ནས་ཚེས་བཞིའི་བར་ཁྱུང་བོ་ཐང་གི་གསས་ཁང་ཁྱུང་དཀར་རིག་འཛིན་སྨིན་གྲོལ་གླིང་དུ་འཚོགས།

ཉིན་དང་པོར་ཁྱུང་པོ་ཐང་གི་སྒྲུབ་གཤེན་པ་རྣམས་ཀྱིས་རྔ་དུང་དབྱངས་ཀྱི་རོལ་མོའི་བྱེ་བྲག་གིས་གསང་སྔགས་རིག་པ་འཛིན་པའི་སྒྲུབ་གཤེན་རྣམས་གདན་འདྲེན་དང་བཅས་ཡར་འཚོགས་བྱས་ཏེ་ཚེ་དབང་བོད་ཡུལ་མའི་དཀྱིལ་འཁོར་གྱི་ཞལ་ཕྱེས། སྐྱབས་རྗེ་བླ་མ་བོན་བརྒྱ་མཁས་གྲུབ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་ཐུགས་ཀྱི་སྲས་མཆོག་དམ་པ ༧ དཔལ་སྐྱང་སྤྲུལ་ཚུལ་ཁྲིམས་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་ཚོགས་དབུར་ཕེབས་བསུ་གནང་ཞིང་། ཁྲི་བ་ཆེན་མོ་སྔགས་འཆང་སྟག་ལྷ་འབུམ་ལགས་ཀྱིས་འགྱེད་མངས་ཇ་དང་བཅས་པའི་ཚོགས་བསགས་ཀྱི་དགེ་སྒྲུབ་རྒྱ་ཆེར་གནང་།

ཚེས་གཉིས་ཉིན་ཡི་དམ་དབང་ཆེན་འབུམ་པའི་གཞུང་བསྲིངས་ཤིང་ཚོགས་ཆེན་དགེ་བསྐོས་བོན་ཚང་མའི་དབང་ཆེན་ཚེ་རིང་ལགས་ཀྱིས་བཅའ་ཡིག་འདོན་པ་དང་ཚོགས་གཏམ་གཏོང་བ་དང་འབྲེལ་གཡུང་དྲུང་སློབ་དཔོན་བསྐོ་བཞག་མཛད། ཁྲི་བ་གཡུང་དྲུང་ཚེ་རིང་ལགས་ཀྱིས་འགྱེད་མངས་ཇ་དང་བཅས་པའི་ཚོགས་བསགས་ཀྱི་དགེ་སྒྲུབ་རྒྱ་ཆེར་གནང་།  ཉིན་གུང་གི་ཆར་བླ་མ་སྐྱང་སྤྲུལ་རིན་པོ་ཆེས་བདེ་ཆེན་རྒྱལ་པོ་དང་སྐྱབས་འགྲོ། ཤེས་རབ་སྨྲ་སེང་དང་སོགས་ཀྱི་ལུང་གནང་སྟེ་ཕྱི་རབས་པ་རྣམས་རིག་པའི་གནས་ལ་མཁས་ཤིང་བསམ་པ་དགེ་ལ་གཞོལ་བའི་ཐུགས་བསྐྱེད་སྨོན་ལམ་ཟབ་མོ་གནང་།   

ཚེས་གསུམ་ཉིན་ཡི་དམ་དབང་ཆེན་འབུམ་པའི་དཀྱིལ་འཁོར་ལ་ཞུགས།   སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེའི་གསེར་སྐུ་ང་འདྲ་མ་གདན་ཞུ་གནང་བ་དང་རྟེན་འབྲེལ་འགྲིག་པས་བོན་མང་འདུས་པ་རྒྱ་མཚོས་རྔ་དུང་རྒྱ་གླིང་དང་བཅས་པའི་སེར་ཕྲེང་སྟར་བསྒྲིགས་ཀྱིས་གསས་ཁང་ཁྱུང་དཀར་རིག་འཛིན་སྨིན་གྲོལ་གླིང་དུ་གདན་ཞུ་ཞུས་ཤིང་མཎྜལ་མཆོད་པ་དང་བཅས་མཇལ་ཁ་ཞུས། དེ་ནས་བསྟན་སྲུང་དམ་ཅན་རྒྱ་མཚོ་རེ་རེ་བཞིན་གྱི་གར་འཆམ་དང་བཅས་མཇུག་བསྡུས།

གསེར་སྐུ་ང་འདྲ་མར་མཎྜལ་གྱི་མཆོད་པ་འབུལ་བཞིན་པ།

ཚེས་བཞིའི་ཉིན། ཚེ་སྒྲུབ་དང་སྐྱབས་འགྲོ་སོགས་ཀྱིས་དྲངས་ཏེ་དཀྱིལ་འཁོར་གྱི་དངོས་གྲུབ་བླངས་པ་སོགས་རྫོགས་རིམ་ལ་ཞུགས་ཏེ་བཀྲ་ཤིས་ཅི་རིགས་བརྗོད་ཅིང་ཁྱུང་བོ་ལ་ཁའི་ཁྲི་བ་བཞིར་ཁ་བཏགས་འཐེན་པ་དང་བཅས་སྒྲུབ་པ་མཐར་ཕྱུང་ངོ་། །

དགེ་བསྐོས་གནམ་ལྷ་རྒྱལ། དགེ་བསྐོས་ཀུན་ཐར་རྒྱལ། དགེ་བསྐོས་དབང་ཆེན་ཚེ་རིང་། དགེ་བསྐོས་རིན་ཆེན་རྒྱལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།