ཁྲི་བསྟན་དར་ལགས་ཀྱི《སྐུ་གདུང་བྱིན་རླབས་གཟི་བྱིན་འོད་འབར་གྱི་དཀར་ཆག》འགྲེམས་སྤེལ་ལ་རྟེན་འབྲེལ་ཞུ།

བདེན་པའི་འོད་སྣང་།

སྦྱངས་བརྩོན་མེ་ཏོག་འདབ་བརྒྱ་གྲོལ་བ་ལས།།
འབྲས་བཟང་ཤེས་རིག་སྙེ་མའི་མགོ་བོ་དུད།།
རྨད་བྱུང་རིགས་པའི་འཕྲུལ་ཞགས་ལས་ཐོན་པའི།།
མཆོད་རྟེན་བྱིན་རླབས་གཟི་བྱིན་འོད་དུ་འབར།།
རབ་འབྱམས་ཤེས་བྱ་འཛིན་མའི་ཁྱོན་ཡངས་སུ།།
ཐོས་བསམ་དཔྱིད་ཀྱི་འདབ་སྟོང་བཞད་པ་ལས།།
བོན་བརྒྱ་བསྟན་པའི་སྒོ་འཕར་ཡོང་ཕྱེས་ནས།།
མཛད་འཕྲིན་གསེར་གྱི་རྡོ་རིང་གྱེན་དུ་བསྒྲེངས།།
རྣལ་འབྱོར་རྡོ་རྗེའི་ཁྲི་ལ་བརྗིད་ཀྱིས་འགྱིང་།།
ཟབ་གསུང་མན་ངག་སྦྲང་རྩིའི་བང་མཛོད་འཛིན།།
རྣམ་དཔྱོད་ཤེས་རབ་འཕྲུལ་གྱི་ལྡེ་མིག་ཅན།།
ཆོས་སྲིད་ཉི་ཟླའི་འོད་སྣང་འདི་ན་གསལ།།
སྒོ་མང་སྤྲུལ་མིང་བ་བློ་བཟང་འོད་ཟེར་རྒྱ་མཚོས་སྤྱི་ལོ་༢༠༢༠ཧོར་ཟླ་༧ཚེས་༥ལ་བྲིས།

འགྲེམས་བརྡ་སྤྲིན་གྱི་སྒྲ་དབྱངས།

             སྐྱབས་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག་གི་སྐུ་གདུང་བཀོད་ལེགས་བྱིན་རླབས་གཟི་བྱིན་འོད་འབར་གྱི་དཀར་ཆག་ཉུང་བསྡུས་ཞེས་པ་འདི་ནི། བཀའ་དྲིན་སངས་རྒྱས་ཀྱང་ལྷག་པའི་སུམ་ལྡན་རྩ་བའི་བླ་མ་རིན་པོ་མཆོག་གིས་བསྟན་དང་འགྲོ་བའི་དོན་ཆེན་ལྷུན་གྱིས་གྲུབ་སྟེ་དགུང་གྲངས་གྱ་བཞིར་བཞེས་ཤིང་། སྐུའི་མཛད་པ་མཐའ་མ་སྟོན་ཟླ་ར་བའི་ཡར་ངོའི་ཚེས་ལ་བསྡུས་པ་ནི། ཐུགས་བརྩེ་བ་ཆེན་པོས་ཞིང་ཁམས་གཞན་ལ་དགོངས་གཏད་གནང་ཤིང་། གཞན་སྐལ་ལྡན་རྗེས་སུ་འཛིན་པའི་སླད་དང་། གདུལ་བྱ་རྟག་འཛིན་ཅན་རྣམས་ལ་མི་རྟག་དགེ་བསྐུལ་གྱི་ཕྱིར་ཏེ། དོན་རྣམ་པ་དུ་མས་སྐུ་རེ་ཞིག་དགོངས་པ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་ཡིན། དེ་ནས་དུས་ཡུན་རིང་པོ་མ་ཐོགས་པར་མདོ་སྨད་ཁྲི་ཀ་ཁྱུང་མོ་དགོན་པའི་བསྟན་བདག རྒྱ་ནག་འཕོ་བ་གྲོང་འཇུག་གི་བླ་མ་མཆོག་སྤྲུལ་ཁྱུང་མོ་སྟོབས་ལྡན་དབང་ཕྱུག་གིས། མཁས་གྲུབ་སྟོང་གི་སྤྱི་ཕུད་བླ་མའི་བཀའ་དྲིན་དྲན་ཏེ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་མཚོན་ཕྱིར་དུ། ཐུགས་སྟོབས་དཔུང་བ་ཆེན་པོའི་ཐུགས་བསྐྱེད་ཀྱི་གོ་ཆ་ལྷུ་རུ་བླངས་ཏེ། སྐུ་གདུང་བཀོད་ལེགས་བྱིན་རླབས་གཟི་བྱིན་འོད་འབར་འདི་ཉིད་འགྲོ་བ་ལྷ་མིའི་བསོད་ནམས་ཀྱི་ཞིང་དུ་ལེགས་པར་བཞེངས་པ་འདི་ནི་སྐྱབས་རྗེ་བླ་མའི་ཐུགས་རྗེའི་མཚོན་བྱེད་སྐུ་གདུང་ཆེས་ཐོག་མ་ཡིན་པ་སུས་ཀྱང་བསྙོན་དུ་མེད།    དེར་བརྟེན། རྟེན་རྙིང་བར་རྟེན་བཤད་གསར་བ་མི་དགོས་ཀྱང་། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ནི་ནམ་མཁའ་ལས་རྒྱ་ཆེ་ཞིང་། རྒྱ་མཚོ་བས་ཀྱང་གཏིང་ཟབ་པའི་ཁར། དེ་དག་གི་རང་བཞིན་དང་རྣམ་པའི་ཡོན་ཏན་གྱི་ཆ་ཤས་ནི་བརྗོད་ཀྱིས་མི་ལང་བ་ནི། སངས་རྒྱས་ཀྱི་སྐུའི་མཚན་བཟང་དཔེ་བྱད་ལྟ་བུའི་རྣམ་གྲངས་དང་། ཡང་ན་སྐུ་ཡི་ཞལ་གྱི་ཁྲོ་འཛུམ་དང་། ཕྱག་གི་མཉེན་ལྕུག་གི་ཉམས་འགྱུར། ཞབས་ཀྱི་འགྱིང་བག་གི་སྟངས་སྟབས། ལུས་ཀྱི་རྒྱན་དང་ཆ་ལུགས་ཀྱི་རྣམ་པ་སོགས་མ་འདྲེས་ཤིང་སོ་སོའི་ཡོན་ཏན་བརྗོད་དུ་ཡོད་པས་དང་། དེ་བཞིན་དུ་གསུང་གི་ཡི་གེ་ལ་ཡང་ཇི་བཞིན་བརྗོད་རྒྱུ་ཡོད་ཀྱང་འདིར་མི་སྤྲོ། ཐུགས་ཀྱི་རྟེན་ལ་ཡང་། རྣམ་པ་མང་དུ་སྤྲོས་ན་སུམ་བརྒྱ་དྲུག་ཅུའི་ཆ་བྱད་དང་། ཡང་ན་ཅིར་ཡང་སྤྲུལ་སྐུའི་མཆོད་རྟེན་བརྒྱ་དང་ཉི་ཤུའི་རྣམ་པ་སོ་སོར་གསལ་བས། དེ་དག་གི་ཡོན་ཏན་ནི་བརྗོད་མཐའ་བྲལ་བ་ཡིན་ལ། དེ་བས་གདུང་རྟེན་འདིའི་ནང་དུ་བཞུགས་པའི་རྟེན་མཆོག་ཕྲ་ཞིང་ཕྲ་བའི་རྣམ་བཤད་འདི་ནི། ལས་སྐལ་ལྡན་པ་རྣམས་ཀྱིས་རེ་རེ་བཞིན་དུ་དོན་ལ་རྔོ་ཐོགས་ཤིང་། ཡིད་ཆེས་དང་དད་པ་རྙེད་པར་གྱུར་ན་རྒྱུ་བསོད་ནམས་ཀྱི་ཚོགས་དང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པའི་མཐུན་འགྱུར་དུ་དམིགས་ཏེ། གཤེན་གྱི་དྲང་སྲོང་རྣམ་པར་དག་པ་ཁྲི་བསྟན་དར་གྱིས་དཀར་ཆག་ཡི་གེར་བཀོད་པ་འདི་ནི། མི་ཤེས་རྨོངས་པའི་རིགས་རྣམས་ཡང་དག་དགེ་བའི་དོན་ལ་བསྐུལ་ཏེ་དད་པའི་ས་བོན་ཐོབ་ཕྱིར་དང་། བཀའ་དྲིན་བཞི་རྫོགས་ཀྱི་བླ་མ་རིན་པོ་ཆེ་མཆོག་གི་ཐུགས་ཀྱི་བཞེད་དགོངས་གེགས་མེད་ལྷུན་གྱིས་གྲུབ་སྟེ། ཡང་སྤྲུལ་གསེར་གྱི་ཉི་མ་གཞོན་ནུའི་དཀྱིལ་འཁོར་གསར་དུ་མངོན་པར་འཛུམ་ནས། འཕྲིན་ལས་འོད་ཟེར་འབུམ་གྱིས་འཁྱུད་པའི་སྣང་བ་སེར་པོས་གླིང་བཞིའི་མུན་པ་སེལ་བའི་གཉེན་དུ་འཕྲོ་བར་འགྱུར་བ་དང་། གདུང་རྟེན་འདི་ཉིད་བཞེངས་པའི་ཁྱུང་མོ་གཡུང་དྲུང་ཕུན་ཚོགས་གླིང་གི་བླ་མ་དགེ་བཤེས་གྲྭ་ཚང་འདུས་སྤྱི་ཡོངས་ཀྱི་དགེ་བསམ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང་།ཁྱད་པར་དུ་སྐྱབས་རྗེ་བླ་མ་ཐམས་ཅད་མཁྱེན་པ་མཆོག་གི་བཀའ་དྲིན་སྲིད་མཐའི་བར་དུ་མི་བརྗེད་པའི་དན་རྟགས་སུ་བཞེངས་པའི་སྐུ་གདུང་ཐོག་མ་འདི་ཡིས་མཚོན། མདོ་སྨད་བྱང་ཕྱོགས་ཀྱི་ཡུལ་གྲུ་ཀུན་ཏུ་གསེར་དངུལ་ཟངས་ལྕགས་རིན་ཆེན་སྣ་ཚོགས་ཀྱིས་བཞེངས་པའི་སྐུ་གསུང་ཐུགས་ཀྱི་རྟེན་མཆོག་ཅི་རིགས་ཤིག་བཞུགས་པ་འདི་དག སྐྱབས་རྗེ་བླ་མའི་བྱིན་རླབས་ཀྱི་འོད་ཟེར་རབ་ཏུ་ཕོག་སྟེ། འགྲོ་བ་ཡོངས་ཀྱི་རྒྱུད་ལ་བྱིན་རླབས་འཇུག་པའི་རྐྱེན་དུ་འགྱུར་བའི་ཆེད་དུ་མགྱོགས་བྲིས་གནང་སྟེ་བགྱིས་པ་ལགས་ཤིང་། དོན་འདི་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གྲོགས་པོ་རེ་འགས་མ་བསྐུལ་དང་བླང་གིས་མཐུན་རྐྱེན་གལ་ཆེན་སྦྱར་ཏེ། རིན་མེད་རྟེན་གཟིགས་སུ་དཀར་ཆག་བསྡུས་པ་འདི་ཉིད་ཀུན་གྱི་སྤྱན་ལམ་དུ་འབུལ་ཐུབ་བྱུང་བ་འདི་ཡང་། འགྲོ་བ་སེམས་ཅན་ཀུན་ཀྱང་དགེ་སྡིག་སྤང་བླང་གི་གནས་ལ་མི་རྨོངས་ཤིང་། ཀུན་ཀྱང་སྐྱབས་རྗེ་བླ་མའི་གདུལ་བྱའི་འཁོར་གྱི་ཐོག་མར་གྱུར་ཏེ། ས་བཅུ་ལམ་ལྔའི་གོ་འཕང་བདེ་བླག་ཏུ་འཐོབ་པའི་སྨོན་པ་དོན་ཡོད་དུ། དགེ་སྦྱོང་བ་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ཀྱིས་རང་ཤག་ཉི་འོད་འཁྱིལ་བའི་བ་གམ་མཐོན་པོར་བྲིས།

ཁྲི་བསྟན་དར་ལགས་ཀྱིས《སྐུ་གདུང་བྱིན་རླབས་གཟི་བྱིན་འོད་འབར་གྱི་དཀར་ཆག》རིན་མེད་འགྲེམས་སྤེལ་གནང་འདུག

སྐུ་གདུང་གི་དཀར་ཆག་འདི་ནི་མདོ་གམ་སྨད་ཀྱི་ཆར་གཏོགས་ཁྲི་ཀ་ཁྱུང་མོ་དགོན་དུ་བཞེངས་པའི་དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ་བོན་བརྒྱ་ཐམས་ཅད་མཁྱེན་པའི་སྐུ་གདུང་ཁྱད་པར་ཅན་གྱི་རྟེན་བཤད་ཅིག་སྟེ། ཁྲི་བསྟན་དར་ལགས་ཀྱིས་མ་བསྐུལ་དང་བླངས་ཀྱི་སྒོ་ནས་བརྩམས་གྲུབ་ལེགས་པར་མཛད་ཅིང་ཐེངས་འདིའི་དུས་མཆོད་ཀྱི་ཆོ་ག་དང་བསྟུན་ནས་ཞབས་ཏོག་གང་འབྱོར་གྱིས་རིན་མེད་སྤྱན་འབུལ་གནང་གྲབས་སུ་འདུག

  སྟོན་པ་ཐུགས་རྗེ་ཅན་གྱི་དགོངས་གཞི་དང་མཐུན་པ། བསྟན་པ་རྗེས་སུ་བཞག་པའི་རྟེན་མཆོག་གི་བཤད་པ་ཆེ་ལོང་ཙམ་ཞིག་བརྗོད་གཞིར་བཟུང་ནས་ལུས་ཅན་སྐྱེ་དགུའི་བསོད་ནམས་ཀྱི་མཆོད་ཡུལ་དུ་བྲིམས་པའི་《དཀར་ཆག》འདི་ནི་སྐྱབས་རྗེ་བླ་མར་མཇལ་བའི་གཟིགས་བྱེད་ཁོ་ན་རུ་སྨིན་པའི་ལས་བགྱིས་པ་དང་། མ་འོངས་པའི་ཆར་ཡང་རྣམ་འཕྲུལ་ཉི་གཞོན་གསར་བའི་གཟུགས་སྐུ་མི་འགྱངས་མྱུར་དུ་འཁྲུངས་ནས་ཁམས་གསུམ་བོན་གྱི་འཁོར་ལོ་ནུབ་མཐའ་མེད་པར་བསྐལ་པ་ནས་བསྐལ་པར་བསྐོར་བའི་སྨོན་ལམ་གྱིས་རྒྱས་ཡང་ནས་ཡང་དུ་གདབ་བོ།།    2020/8/2​2/ཉིན།  ཞེས་ས་ཁ་བས་སྦྱར།

རྩོམ་པ་པོས་ཁ་སང་དེ་རིང་གཉིས་ལ།

ཁ་སང་བྲེལ་བྲེལ་འཚུབ་འཚུབ་ངང་།།
བྱ་ལས་སྣ་གསུམ་སྒྲུབ་སྟངས་འདིས།།
རང་ལུས་འདོམ་གང་ཚལ་བར་གཤག།
མཚན་ལ་བག་གཡེང་བློ་བདེ་བྱུང་།།

དེ་རིང་ཅུང་ཟད་ངལ་གསོའི་ངང་།།
ཁ་སང་བྱ་བར་ཕྱིར་རྟོག་བྱས།།
ཨ་རྫེ་ཡང་གཅིག་ལུས་འདུག་ཅེས།།
ཐོལ་གཏམ་འདི་ལ་སེམས་པ་ནོངས།།

སྙིགས་རོ་མཆིས་མིན་ཆ་མ་འཚལ།།
ཆད་པའི་ཁ་མཚར་འགའ་མཐོང་ཚེ།།
ཕང་སེམས་འཁུན་སྒྲས་ཀླག་ཅོར་བཟོས།།
དུས་ཐུང་ཚུལ་བསམ་དབུགས་དབྱུང་ཐོབ།།

དུས་ཀྱིས་གཏུག་པས་བསམ་དྲན་ཡལ།།
ཚགས་སུ་ཆད་འགས་རྗེས་སུ་ལྟ།།
ཐལ་བའི་ལས་ལ་མི་འགྱོད་ཅེས།།
སེམས་པའི་ཧྲག་བར་ཡང་ཡང་བསུབ།།

གང་ལྟར་སྐྱབས་དང་སྐྱོབ་པ་ཉིད་།།
བསྟེན་ས་མ་ནོར་འདི་ཕྱི་ཀུན།།
རྟེན་འབྲེལ་ཟབ་མོས་མི་བསླུ་གསུང་།།
རིང་ནས་ཡིད་ལ་འཇགས་འདིས་འཚོ། །

རང་ཉིད་དམན་པས་ཕུལ་བྱུང་ལས།།
འགྲུབ་ལ་མཁའ་ཡི་མེ་ཏོག་སྤུན།།
འོན་ཀྱང་ལྷག་བསམ་དཀར་གསལ་ཟླ།།
ཤར་འདིར་དགའ་བ་བསྐྱེད་པར་རིགས།།

རིགས་བརྒྱ་རིགས་གཅིག་དངོས་མཐོང་བ།།
ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས།།
རྟེན་དང་རྟེན་བཤད་འབྲེལ་ཐོགས་གཙོ།།
གདུལ་བྱ་ཀུན་ལ་བརྩེ་བས་གཟིགས།།

གང་སྐུ་གསེར་གྱི་ཉི་མ་མཆོག།
རིང་མིན་འཆར་ནས་བཀའ་འཁོར་མཆོག།
བསྐོར་ལ་བརྡ་ཐབས་རྟེན་འབྲེལ་མཆོག།
དུས་མཆོད་སྐབས་ལ་འདི་ཡང་མཆོག།

བྱིན་རླབས་ཚན་ཁ་མ་ཡལ་བའི།།
རྟེན་མཆོག་འདི་ཡི་བཤད་པ་གང་།།
ཆད་ལྷག་ཉེས་སྐྱོན་ནོངས་བའི་ལས།།
སྐྱབས་མཆོག་ཁྱེད་ལ་མཐོལ་ལོ་བཤགས།།

རྣམ་དཔྱོད་ཡངས་པས་འདིར་གཟིགས་ནས།།
ཟུར་འཕྱ་བརྙས་སྨོད་རིང་དོར་ཏེ།།
འདི་ཡི་རྣམ་བཤད་ཇི་ལྟ་བ།།
རིས་མཛུབ་སྟོན་ཚེ་བདག་ལ་ཕན།།

ཕྲ༵ན་ནས་ཕྲ༵ན་ཙམ་བགྱིས་པ་འདི།།
ལེ༵གས་གྲུབ་ལེ༵གས་བྱས་ལྡན་པའི་ཆ།།
འདི༵་ཡང་འདི༵་ཕྱིའི་ཡིད་ཅན་རྣམས།།
རྣ༵མ་ཀུན་རྣ༵མ་བྱང་འཐོབ་ལ་བསྔོ།།

   ཞེས་རྐྱེན་སྣ་མང་ཁྲོད་སོས་དལ་བ་དང་ཁོམ་ལྷག་གི་ཆ་མ་བྱུང་བར་ཁ་སང་ཕྱི་དྲོ་ཙམ་ལ་བྲེལ་འཚུབ་ཆེན་པོའི་ངང་དག་བསྒྲིགས་གཏན་ཕབ་བྱས་ཏེ་དགོང་མོའི་ཆར་པར་བསྐྲུན་བྱས་ན་ཡང་། དུས་ཚོད་ཧ་ཅང་ཐུང་དྲགས་པས་དེབ་ཆུང་འདིར་མ་འདང་ས་ཧ་ཅང་མང་པོ་ཡོད་པ་ལ་གཞིགས་ནས་ཀུན་གྱིས་བཟོད་གསོལ་ཆེད་རྩོམ་པ་པོས་རྗེས་སུ་སྨྲས་པའི་གཏམ་ཙམ་མོ།། 2020.7.4.ཉིན་གནའ་མཁར་ཟི་ལང་ནས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།