ཡབ་རྗེ་བླ་མའི་དུས་མཆོད་ཆེན་མོ་འཚོགས་ཉིན་དང་པོའི་གནས་ཚུལ་རགས་བསྡུས།

༄༅། །དེ་ཡང་ལྷར་བཅས་འགྲོ་བའི་འདྲེན་སྟོན་ཆེན་མོ། སངས་རྒྱས་བསྟན་པའི་གསལ་བྱེད་དམ་རིས་མེད་སྐྱེ་དགུའི་དཔུང་གཉེན་གཅིག་པུ། རང་ཅག་ཀུན་གྱི་མེ་ཏོག་ཕོག་པའི་ལྷ་སྐལ། དཔོན་གསས་བླ་མ་ཡིད་བཞིན་ནོར་བུ༧སྐྱབས་རྗེ་བླ་མ་བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག་རེ་ཞིག་དགོངས་པ་གཞན་དུ་གཏད་ནས་མི་ལོ་གཉིས་འགོར་བའི་དུས་མཆོད་ཆེན་མོ། ༢༠༢༠ལོའི་ཧོར་ཟླ་བདུན་པའི་དྲུག་ཉིན་ནས་འཚོག་མགོ་བརྩམས་པ་ལ། ཐོག་མར་ཡབ་རྗེ་བླ་མའི་ཐུགས་ཀྱི་སྲས་མཆོག་དམ་པ་སྐྱང་སྤྲུལ་ཚུལ་ཁྲིམས་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་གཙོས་བྱང་སྟོན་ནམ་མཁའ་དྲི་མེད་ཉི་མ་ཚང་དང་སྤྲུལ་སྐུ་གཡུང་དྲུང་དབང་རྒྱལ། སྤྲུལ་སྐུ་འཇིགས་མེད་བསྐལ་བཟང་བློ་གྲོས། སྤྲུལ་སྐུ་གཡུང་དྲུང་བདུད་འཇོམས་སོགས་བླ་སྤྲུལ་མཁན་གསུམ་གྱི་སྡེ་དང་། རྣམ་དག་འདུལ་བ་འཛིན་པའི་གྲྭ་བཙུན་གྱི་སྡེ། གསང་སྔགས་རིག་པ་འཛིན་པའི་སྔགས་འཆང་གི་སྡེ་རྣམས་གསར་དུ་བཞེངས་གྲུབ་ལེགས་གྲུབ་བྱུང་བའི་བོན་བརྒྱ་བླ་བྲང་རྩེ་མཆོག་གསུམ་མཆོད་པའི་ལྷ་ཁང་དུ་དུས་གཅིག་ཏུ་འཛོམས་ནས་སྐུ་གདུང་སྐུ་གསུམ་མཐོང་བ་རང་གྲོལ་དང་གསེར་སྐུ་ང་འདྲ་མ་སོགས་རྟེན་དང་བརྟེན་པ་རྣམས་ལ་བཀྲ་ཤིས་རབ་གནས་ཚད་ལྡན་གནང་ཞིང་། བོན་མང་འདུས་སྤྱི་ནས་མཎྜལ་གྱི་མཆོད་པ་ཕུལ་རྗེས་བླ་མ་གྲྭ་ཚང་དང་སྔགས་འཆང་སྒྲུབ་གཤེན། དད་ལྡན་མང་ཚོགས་སོགས་ཀྱིས་རིམ་པ་བཞིན་དུ་མཆོད་མཇལ་ཞུས།

བོན་བརྒྱ་བླ་བྲང་རྩེ་མཆོག་གསུམ་མཆོད་པའི་ལྷ་ཁང་།
བོན་མང་འདུས་སྤྱི་ནས་མཎྜལ་གྱི་མཆོད་པ་འབུལ་བཞིན་པ།

དེ་ནས་བླ་མ་གྲྭ་ཚང་དང་གསང་སྔགས་རིག་འཛིན་གྱི་སྡེ་རྣམས་ཚོགས་ཆེན་འདུ་ཁང་དུ་ཕེབས་ནས་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་རྒྱ་ཆེར་བསྐོར། དད་ལྡན་རྒན་གཞོན་ཕོ་མོ་ཡོངས་ཀྱིས་རང་རང་ས་ནས་ཕྱག་བསྐོར་མཆོད་འབུལ་དང་སྙིང་བོ་བཟླས་བརྗོད་སོགས་རྣམ་དཀར་དགེ་བའི་ཚོགས་བསགས་སྒྲིབ་སྦྱོང་གི་ལས་ལ་བརྩོན་པར་མཛད།

སྐབས་རེར་མཁན་པོ་བསྟན་པའི་ཉི་མ་མཆོག་གིས་སྔོན་འགྲོ་བསགས་སྦྱང་དང་སྨྱུང་གནས་སྡོམ་པ་སོགས་དང་འབྲེལ་ནས་རྣམ་དཀར་དགེ་བའི་ལས་ལ་གཞོལ་དགོས་ལུགས་ཀྱི་ཞལ་བརྡ་གལ་ཆེན་གནང་། བླ་མ་སྐྱང་སྤྲུལ་རིན་པོ་ཆེས་ཐུགས་མཐུན་ཁྲིམས་གཙང་དང་འབྲེལ་ནས་དགེ་བསྐུལ་གསུང་བཤད་གནད་སྨིན་དུ་གནང་།

ཉིན་འདིའི་སྦྱིན་བདག་དགེ་སྤུན་ཚོགས་པས་གུང་ཚིགས་ལ་སོགས་བཞེས་པ་གྱ་ནོམ་པ་དྲངས་པ་མ་ཟད། བླ་མའི་དུས་མཆོད་ཀྱི་ཐེབས་རྩ་རུ་དམངས་སྒོར་ཁྲི་སུམ་ཅུ་སོ་གཉིས་ལྷག་བཞག་སྟེ་ཚེ་བསྐལ་བ་མ་སྟོང་བར་དུ་སྦྱིན་བདག་མཛད་རྒྱུར་ཁས་ལེན་མཛད། རེབ་གོང་བོན་མང་གིས་གསེར་སྐུ་ང་འདྲ་མའི་སྦྱིན་བདག་ཆེན་མོ་སྔགས་འཆང་བསོད་ནམས་ཚེ་རིང་ལགས་ལ་གོས་དར་ལྷ་དར་འཐེན་ནས་བཀྲ་ཤིས་ཞལ་གཡང་དང་བཀའ་དྲིན་ཞུ་གསོལ་གནང་།

དགོང་མོའི་ཆར་སྦྱིན་བདག་དགེ་སྤུན་ཚོགས་པས་མར་མེ་ཁྲི་ཕྲག་གཅིག་ལྷག་དང་གློག་མཆོད་ཅི་འབྱོར་བཀར་ནས་བླ་མ་གྲྭ་ཚང་དང་དད་ལྡན་བོན་འབངས་མང་པོས་བླ་མའི་གསོལ་འདེབས་དང་སྨོན་ལམ། གཤེན་མགུར་སོགས་གསུངས་ཏེ་ཉིན་དང་པོའི་རིམ་པ་མཇུག་བསྡུས་པའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།