ཡབ་རྗེ་བླ་མའི་དུས་མཆོད་ཆེན་མོ་འཚོགས་ཉིན་གཉིས་པ་དང་གསུམ་པའི་གནས་ཚུལ་རགས་བསྡུས།

རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

༄༅། །ཚེས་བདུན་ཉིན་གྱི་ཞོགས་པའི་ཆར་ཕྱོགས་སོ་སོའི་སྒྲུབ་གཤེན་པ་དང་དད་ལྡན་བོན་འབངས་རྣམས་སྔ་མོ་ནས་རང་དགོན་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་དུ་ཕེབས། སྐྱབས་རྗེ་བླ་མ་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་གཙོས་བྱང་སྟོན་སྐུ་སྐྱེས་ནམ་མཁའ་དྲི་མེད་ཉི་མ་ཚང་། སྤྲུལ་སྐུ་གཡུང་དྲུང་དབང་རྒྱལ། སྤྲུལ་སྐུ་འཇིགས་མེད་རིག་པའི་བློ་གྲོས། སྤྲུལ་སྐུ་གཡུང་དྲུང་བདུད་འཇོམས་སོགས་བླ་མ་སྤྲུལ་སྐུ་རྣམས་དང་། རྣམ་དག་འདུལ་བ་འཛིན་པའི་གྲྭ་བཙུན་གྱི་སྡེ། གསང་སྔགས་རིག་པ་འཛིན་པའི་སྔགས་འཆང་གི་སྡེ་རྣམས་ཚོགས་ཆེན་འདུ་ཁང་དུ་ཕྱག་ཕེབས་གནང་སྟེ་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་རྒྱ་ཆེར་བསྐོར། རེབ་གོང་བོན་མང་གི་སྒྲུབ་གཤེན་པ་སྐོར་ཅིག་གིས་བོན་བརྒྱ་བླ་བྲང་རྩེ་མཆོག་གསུམ་མཆོད་པའི་ལྷ་ཁང་ནས་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་བསྐོར།

མཁན་པོ་བསྟན་པའི་ཉི་མ་མཆོག་གིས་དད་ལྡན་མང་ཚོགས་ཡོངས་ལ་སྔོན་འགྲོ་བསགས་སྦྱང་གི་ཕན་ཡོན་དང་འབྲེལ་ནས་བཀའ་སློབ་ཟབ་རྒྱས་གནང་། བྱང་སྟོན་དྲི་མེད་ཉི་མ་ཚང་གིས་སྔོན་འགྲོ་འབུམ་དགུ་དང་འབྲེལ་དགེ་སྡིག་སྤང་བླང་དང་ཚོགས་བསགས་སྒྲིབ་སྦྱང་སྐོར་ནས་བཀའ་སློབ་གནད་སྨིན་གནང་།

རང་དགོན་གྲྭ་ཚང་འདུས་སྤྱི་ནས་མཆོག་སྤྲུལ་གཡུང་དྲུང་བདུད་འཇོམས་ཚང་གིས་རྗེ་བླ་མ་རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་སམ་ཡང་ན་འདས་མཆོད་སོགས་ཀྱི་སྐབས་སུ་ཞབས་ཏོག་བླ་མེད་སྒྲུབ་པར་མ་ཟད་མཆོད་ཁང་གསར་བཞེངས་སྐབས་དམངས་སྒོར་ཁྲི་ཕྲག་ལྔ་བཅུ་ལྷག་གིས་གསེར་གྱི་རྒྱ་ཕིབས་བཞེངས་པར་སྐུ་གསུང་ཐུགས་རྟེན་དང་གོས་དར་ཁ་བཏགས་སོགས་ཀྱིས་བཀའ་དྲིན་ལེགས་གསོལ་གྱི་གཏིང་རག་བསྩལ། དེ་དང་འབྲེལ་གསེར་སྐུ་ང་འདྲ་མ་སྔ་གཞུག་གཉིས་ཀྱི་སྦྱིན་བདག་ཆེན་མོ་ཨ་ཁུ་རྒྱ་གོ་ལགས་དང་སྔགས་འཆང་ཆེན་མོ་བསོད་ནམས་ཚེ་རིང་རྣམ་གཉིས་ལའང་སྐུ་གསུང་ཐུགས་རྟེན་དང་གོས་དར་ཁ་བཏགས་སོགས་ཀྱིས་བཀའ་དྲིན་ཞུ་གསོལ་གནང་།

དགོང་མོའི་ཆར་མར་མེ་དང་གློག་སྒྲོན་སོགས་ཀྱི་མཆོད་པ་རྒྱ་ཆེར་ཕུལ་བ་མ་ཟད། གཤེན་མགུར་དབྱངས་གྱེར་སོགས་ཀྱིས་མཇུག་ལེགས་པར་བསྡུས་པའོ།།

ཉིན་གསུམ་པའི་གནས་ཚུལ་རགས་བསྡུས།

ཚེས་བརྒྱད་ཉིན་གྱི་ཞོགས་པར་སྔར་བཞིན་མཚོ་སྔོན་དང་སི་ཁྲོན་ཕྱོགས་ཀྱི་དད་ལྡན་བོན་འབངས་རྣམས་རང་དགོན་དུ་སྔ་མོར་འབྱོར། བླ་མ་སྤྲུལ་སྐུ་དང་གྲྭ་བཙུན་འདུས་པ་རྒྱ་མཚོ། རེབ་གོང་བོན་མང་གི་སྒྲུབ་གཤེན་པ་རྣམས་ཀྱིས་ཚོགས་ཆེན་འདུ་ཁང་ནས་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་བསྐོར། ཡར་ནང་བོན་སྡེ་ཁ་གསུམ་དང་རྩེ་གཞུང་སོ་ནག་བོན་པོ་ཚང་། བོན་བརྒྱ་སྤྱི་བའི་སྒྲུབ་གཤེན་པ་རྣམས་ཀྱིས་བོན་བརྒྱ་བླ་བྲང་རྩེ་མཆོག་གསུམ་མཆོད་པའི་ལྷ་ཁང་ནས་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་བསྐོར།

བོན་བརྒྱ་བསྟན་པའི་ཉི་མ་ཚང་གིས་སྔ་ཉིན་བཞིན་སྔོན་འགྲོ་བ་རྣམས་ལ་ཚོགས་བསགས་སྒྲིབ་སྦྱོང་དང་འབྲེལ་ནས་ཞལ་སློབ་གནད་སྨིན་གནང་ཞིང་། མཁན་པོ་གཡུང་དྲུང་བསྟན་པ་ཚང་གིས་དད་ལྡན་བོན་འབངས་ཡོངས་ལ་དགེ་སྐུལ་ཚོགས་བསགས་ལ་སོགས་པའི་ཞལ་སློབ་ཟབ་རྒྱས་གནང་། སྔོན་འགྲོ་བ་རྣམས་ཀྱིས་རང་རང་ས་ནས་མཎྜལ་གྱི་མཆོད་པ་འབུལ་བར་བརྩོན།

རེབ་འདིའི་ཁྲི་མཆོད་ཀྱི་ཁ་འགོ་བ་རྣམས་ཀྱིས་ཚོགས་མང་ལ་སྐུ་འགྱེད་དམངས་སྒོར་སུམ་བརྒྱ་རེ་དང་གུང་ཚིགས་མང་ཇ་སོགས་ཚོགས་བསགས་གྱ་ནོམ་པ་བྱས་པར་ལེགས་སྐྱེས་གསོལ་རས་གནང་སྟེ་བཀའ་དྲིན་ཞུ་གསོལ་གནང་བ་དང་བཅས་རེབ་འདིའི་དུས་མཆོད་ཆེན་མོ་མཇུག་ལེགས་པར་བསྡུས་པ་དགེའོ།། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།