གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་བ་དང་དུང་དཀར་དགོན་ཕྱག་བཏབ་ནས་མི་ལོ༡༡༣ལོན་པའི་མཛད་སྒོ་གཉིས་ལྷན་དུ་འཚོགས་པ།

རྩོམ་ཁུངས།རེབ་གོང་བོན་མང་དྲ་བ། རྩོམ་པ་པོ།རེབ་སྐྱིད་ཡར་འཕེལ།

ཉིན་དང་པོ། སྨིན་གྲོལ་དུང་དཀར་དགོན་ཕྱག་བཏབ་ནས་མི་ལོ༡༡༣ལོན་པའི་མཛད་སྒོ་དང་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ།

གཡུང་དྲུང་་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ཟླ་འདིའི་ཚེས༧ཉིན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་ལུང་ཧྭའོ་མགྲོན་ཁང་ཆེན་མོའི་ནང་དུ་ཕེབས་པ་དང་། ཚེས་༨ཉིན་གྱི་ཞོགས་པའི་ཆུ་ཚོད༨དང་སྐར་མ༣༠སྟེང་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་དང་ཚོགས་ཞུགས་པ་ཡོངས་ཨེར་སྟི་ཤང་དམར་པོ་ལུང་བར་ཕེབས། དུང་དཀར་དགོན་པའི་ཨ་ལགས་བྱ་འཕུར་གཡུང་དྲུང་ཉི་མ་རྒྱལ་མཚན་མཆོག་གཙོ་བྱས་བླ་གྲྭ་ཡོངས་དང་ཨེར་སྟི་བོན་མང་དང་སྐ་སར་བོན་མང་བཅས་པའི་དད་ལྡན་མང་ཚོགས་མང་པོས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་བླ་སྤྲུལ་རྣམས་ལ་དགའ་སྤྲོའི་ཆིབས་བསུ་རྒྱ་ཆེན་བྱས།

མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཞུགས་པ་ཡོངས་འདུ་ཁང་ཚོགས་ར་ནས་འཚོགས་ཏེ་གཡུང་དྲུང་བོན་གྱི་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་པ་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་མཆོག་དང་སྨིན་གྲོལ་དུང་དཀར་གཤེན་བསྟན་དར་རྒྱས་གླིང་གི་བླ་མ་བྱ་འཕུར་ཉི་མ་རྒྱལ་མཚན་རིན་པོ་ཆེ་མཆོག་རྣམ་གཉིས་ནས་གཡུང་དྲུང་བོན་གྱི་བསྟན་པའི་དར་ཆེན་མི་ནུབ་སྲིད་པའི་མཁའ་ལ་བསྒྲེངས།

ལྷན་ཚོགས་ཀྱི་ཚོགས་ཞུགས་པ་ཡོངས་དང་ས་ཕྱོགས་སོ་སོ་ནས་ཕེབས་པའི་བླ་སྤྲུལ་དགེ་བའི་བཤེས་གཉེན་གསང་སྔགས་རིག་པ་འཛིན་པ་བ་སོགས་ཚོགས་ཆེན་འདུ་ཁང་དུ་ཕེབས་ཏེ་སྨོན་གྲོལ་དུང་དཀར་གཤེན་བསྟན་དར་རྒྱས་གླིང་ཕྱག་བཏབ་ནས་མི་ལོ༡༡༣འཁོར་བའི་མཛད་སྒོ་སྤེལ་བའི་མགོ་བརྩམས་པ་དང་། དུང་དཀར་དགོན་པའི་དགེ་བའི་བཤེས་གཉེན་ཆེན་མོ་བསྟན་འཛིན་མཆོག་ནས་མགོ་འཛིན་མཛད་ཅིང་དགོན་པའི་ལོ་རྒྱུས་གྱེར་འདོན་གྱི་ལམ་ནས་མཚམས་སྦྱོར་བྱས།

དེའི་རྗེས་སྐ་སར་བོན་མང་གི་ཀྲུའུ་རིན་གྱིས་དུང་དཀར་དགོན་ཕྱག་བཏབ་ནས་མི་ལོ་ཧྲིལ་བོ༡༡༣འཁོར་བར་རྟེན་འབྲེལ་ཞུས་པ་དང་དགོན་འདིར་གནའ་དེང་གཉིས་ལ་ཐུགས་ཁུར་བླ་ལྷག་མཛད་མཁན་གྱི་བླ་མ་རིན་པོ་ཆེ་ཨ་ལགས་ཚུལ་ཁྲིམས་ཚང་དང་བྱ་འཕུར་ཉི་མ་མཆོག་རྣམ་གཉིས་ལ་བཀའ་དྲིན་ཞུས་ཏེ་མ་འོངས་པར་ཡང་དགོན་འདི་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་དགོས་པ་སོགས་ཀྱི་གསུང་བཤད་གནང་། མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་མཆོག་ནས་ཁ་བྱང་ལ་《དོན་བཟང་གསུམ》ཟེར་བའི་སྒོ་ནས་དུང་དཀར་དགོན་པར་རྟེན་འབྲེལ་གྱི་ཤིས་ཚིག་ཕུལ་བ་དང་དགོན་པའི་ལོ་རྒྱུས་ཐུང་ངུ་དང་འབྲེལ་ནས་དུང་དཀར་དགོན་པའི་ཨ་ལགས་བྱ་འཕུར་ཉི་མ་རྒྱལ་མཚན་རིན་པོ་ཆེ་མཆོག་ལ་བཀའ་དྲིན་ཕུལ།

དུང་དཀར་དགོན་པའི་གྲྭ་བཙུན་ཤེས་རབ་བསམ་གཏན་ནས་རང་དགོན་ཕྱག་བཏབ་ནས་མི་ལོ༡༡༣འཁོར་བའི་མཛད་སྒོ་ལ་རྟེན་འབྲེལ་གྱི་ཤིས་ཚིག་ཕུལ་བ་དང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ། སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་སོགས་གཙོ་བྱས་ཚོགས་ཞུགས་པ་ཡོངས་དང་ཕྱོགས་སོ་སོ་ནས་ཕེབས་པའི་སྐུ་མགྲོན་རྣམས་སྐུ་ཚེགས་ལ་མ་འཛེམས་པར་ཕེབས་པ་ལ་སྙིང་ནས་བཀའ་དྲིན་ཆེ་ཞུས་པ་དང་། མཛད་སྒོར་ཕེབས་པའི་བླ་སྤྲུལ་དགེ་བའི་བཤེས་གཉེན་སོགས་དྲན་རྟེན་གྱི་འདྲ་པར་བླངས།

ཕྱི་དྲོའི་ཆུ་ཚོད༡པོའི་སྟེང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོའི་ཚོགས་འདུ་འཚོགས་པ་དང་དྲུང་ཆེ་མགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་མདོ་འཛིན་གནང་། ཚོགས་གཙོ་རྩེ་ཞིག་ཚང་ནས་ཀྲུང་དཔེའི་བཀའ་བརྟེན་དཔར་བསྐྲུན་གྱི་སྐོར་སོགས་དོན་ཚན་རྣམ་པ་ལྔའི་སྟེང་ནས་གྲོས་གཞི་བཏོན། བླ་མ་རིག་འཛིན་དབང་རྒྱལ་སོགས་ཚོགས་གཙོ་དག་གིས་ཚོགས་གཙོའི་གྲོས་གཞི་ལ་བསམ་ཚུལ་བརྗོད་པ་དང་རྒྱབ་སྐྱོར་མཛད། དྲུང་ཡིག་ཚན་ཁག་གིས་ཚོགས་ཞུགས་པ་རྣམས་ལ་འབྱོར་ཐོ་བཀོད་པ་དང་ཚོགས་གཙོའི་ཚོགས་འདུ་གྲོས་རྗེས་བླ་སྤྲུལ་མཁན་གསུམ་གྱིས་མཚོ་ལྷོའི་ས་ཆ་དང་ཕྱོགས་སོ་སོའི་དད་ལྡན་མང་ཚོགས་ཡོངས་ལ་མཇལ་ཁ་གནང་།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་བ་དངོས་སུ་འཚོགས་མགོ་བརྩམས་པ་དང་རྒྱུན་ལས་ཚོགས་གཞོན་མཁན་པོ་རིག་འཛིན་དབང་རྒྱལ་གྱིས་མདོ་འཛིན་གནང་། ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་ནས་ཚོགས་འདུའི་གྲོས་གཞི་དང་འབྲེལ་བའི་གསུང་བཤད་ཀྱི་ཁ་བྱང་ལ་༼ལྷག་བསམ་རླབས་ཀྱིས་འཕྱོ་བའི་མཛད་བཟང་མུ་ཏིག་ཕྲེང་བ༽ཞེས་པ་དོན་ཚན་རྣམ་པ་གསུམ་གྱི་སྒོ་ནས་གལ་བོ་ཆེ་ལ་ནན་ཏན་གྱིས་གནང་། མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་ནས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་གཅིག་གི་བྱ་བའི་ལས་དོན་གྲོས་ཚོགས་ལ་སྙན་ཞུ་ཕུལ། དྲུང་གཞོན་གཉེར་པ་རིན་སྤུངས་ཚུལ་བསྟན་གྱིས་ལྷན་ཚོགས་ལ་ཚུར་ཡོང་དང་ཕར་སོང་གི་ལོ་འཁོར་རྩིས་ཁྲའི་སྐོར་གྲོས་ཚོགས་ལ་སྙན་ཞུ་ཕུལ།

ཕྱི་དྲོའི་ཆུ་ཚོད༡༦དང་སྐར་མ༢༠སྟེང་གྲོས་གཞི་དང་འབྲེལ་བའི་རྒྱུན་ལས་ལས་འཛིན་ཚོགས་འདུ་མུ་མཐུད་ནས་འཚོགས་པ་དང་། དྲུང་ཡིག་པ་སྙན་བཟང་བསོད་ནམས་གཡུང་དྲུང་གིས་མདོ་འཛིན་གནང་། མཚན་འཛིན་ཚོགས་གཙོ་སྣང་ཞིག་སྐྱབས་མགོན་མཆོག་ནས་ཚོགས་འདུའི་གྲོས་གཞི་དང་འབྲེལ་བའི་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་རིན་པོ་ཆེ་པར་བསྐྲུན་དང་དག་སྒྲིག་གི་སྐོར་ནས་གསུང་བཤད་མང་པོ་གནང་། མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་མི་སྣ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་ནས་ཚོགས་འདུའི་དགོངས་དོན་ལྟར་བཀའ་སློབ་གལ་ཆེན་གནང་།

ཆུ་ཚོད༡༨སྟེང་ཞང་ཞུང་་རིག་མཛོད་ཁང་གིས་བཟོས་པའི་ཞང་ཞུང་སྨར་ཆེན་གྱི་ཡིག་གཟུགས་མཉེན་ཆས་རིན་མེད་ངང་ནས་འགྲེམ་སྤེལ་བྱས་པ་དང་། ཚོགས་གཙོ་རྩེ་ཞིག་ཚང་དང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རྣམ་གཉིས་ཀྱིས་ཞང་ཞུང་རིག་མཛོད་ཁང་གི་ཡིག་སྣོད་ཀྱི་དབུ་འབྱེད་གནང་། ཨ་དཔལ་བཟང་ནས་ཞང་ཞུང་རིག་མཛོད་ཁང་གི་འཐུས་ཚབ་བྱས་ཏེ་སྨར་ཆེན་གྱི་ཡིག་གཟུགས་ངོ་སྤྲོད་གནང་བ་དང་མི་འགྱངས་པར་དྲ་ལམ་ནས་རིན་མེད་ངང་བཀྲམ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་།

ཉིན་དང་པོའི་ཚོགས་འདུ་མཇུག་རྫོགས་པ་དང་བླ་སྤྲུལ་རྣམས་ནས་འདུ་ཁང་ལ་རབ་གནས་མཛད་རྗེས་ངལ་གསོ་གནང་བར་ཕེབས་པ་བཅས་ཉིན་གཅིག་གི་གནས་ཚུལ་རགས་བསྡུས་ཙམ་མོ།།

ཉིན་གཉིས་པ། གཡུང་དྲུང་བོན་གྱི་ཞི་བདེའི་སྨོན་ལམ་ཆེན་མོ།

ཞོགས་པའི་ཆུ་ཚོད༩དང་སྐར་མ༣༠སྟེང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་དང་དགོན་ཁག་སོ་སོ་ནས་ཕེབས་པའི་བླ་གྲྭ་དང་གསང་སྔགས་པ་བཙུན་མ་དད་ལྡན་མང་ཚོགས་བཅས་མི་ཚོགས་མང་པོ་འཚོགས་ཡོད་པ་དང་། འདུ་ཁང་ནང་དང་ཕྱི་ཁྱམས་ཚོགས་ར་བཅས་ཡོངས་སུ་མི་ཚོགས་ཀྱིས་བཀང་འདུག གཡུང་དྲུང་བོན་གྱི་ཞི་བདེའི་སྨོན་ལམ་ཆེན་མོ་ཚོགས་ཐེངས་ལྔ་བ་དངོས་སུ་འཚོགས་མགོ་བརྩམས། བྱང་འདྲེན་ཆེན་མོའི་འདོན་དབྱངས་ཀྱི་ཁྲོད་ནས་སྨོན་ལམ་གྱི་འདོན་ཆོག་གསུངས་པ་དང་། དྲུང་ཡིག་པ་མཁན་པོ་ཚེ་དབང་རིག་འཛིན་གྱིས་མདོ་འཛིན་གནང་བ་དང་ཚོགས་གཞོན་སྤྲུལ་པདྨ་རིན་ཆེན་མཆོག་གིས་ཞི་བདེའི་སྨོན་ལམ་ཆེན་མོ་དང་འབྲེལ་བའི་གསུང་གཤད་གལ་ཆེན་གནང་སྟེ་ཞི་བདེའི་སྨོན་ལམ་ཆེན་མོ་མཇུག་གྲོལ།

ཕྱི་དྲོའི་ཆུ་ཚོ་༡༤སྟེང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་སྣང་ཞིག་སྐྱབས་མགོན་མཆོག་ནས་དད་ལྡན་མང་ཚོགས་རྣམས་ལ་དགེ་སྐུལ་སློབ་གསོའི་བཀའ་སློབ་གནང་།

ཚོགས་འདུའི་གྲོས་གཞི་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་འཚོགས་པ་དང་དྲུང་ཡིག་པ་ལི་ཐང་དགེ་བཤེས་ཚེ་རིང་འགྱུར་མེད་ཀྱིས་མདོ་འཛིན་གནང་སྟེ་ཚོགས་ཞུགས་པ་ཐར་སྡེ་སྤྲུལ་སྐུ་དང་སྣང་ཞིག་སྤྲུལ་སྐུ་ཤེས་རབ་རྒྱལ་མཚན། རྒྱལ་བ་སྨན་རི་བའི་དབུ་བླ་མཆོག གཡུང་དྲུང་གླིང་གི་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ། ཉག་སྤྲུལ་བསོད་ནམས་རྒྱལ་མཚན། པན་ཙ་བསྟན་འཛིན་དར་རྒྱས་སོགས་རྒྱུན་ལས་པ་མང་པོ་ནས་གསུང་བཤད་གལ་ཆེན་གནང་བ་དང་། ལྷག་པར་དུ་དབལ་ཁྱུང་དགོན་པའི་རྒྱལ་བའི་བཀའ་རིན་པོ་ཆེ་བཞུགས་སའི་བཞུགས་ཁང་ག་འདྲ་ཞིག་བཞེངས་དགོས་པའི་སྐོར་དང་། མཉམ་འབྲེལ་མཐུན་ཚོགས་ཀྱིས་སྒྲུབ་པའི་རྒྱལ་བའི་བཀའ་རིན་པོ་ཆེ་ཡི་ཕྱིའི་ཇུས་འགོད་དང་ནང་གི་ཡི་གེའི་དག་ཆ་སོགས་ཀྱི་སྐོར་ནས་གཟབ་དགོས་ཚུལ་སོགས་བསམ་ཚུལ་མང་པོ་བཏོན།

ཚོགས་མི་རྣམས་ངལ་གསོར་ཕེབས་ཏེ་སྐར་༡༠རྗེས་སུ་ཕྱི་དྲོའི་ཆུ་ཚོད་༥བར་ཐོན་ཡོད་ལ། ཚོགས་མི་རྣམས་ཕྱིར་ཚོགས་ཆེན་འདུ་ཁང་དུ་ཕེབས་ཏེ་མུ་མཐུད་ནས་གྲོས་གཞིའི་དགོངས་དོན་ལྟར་ཚོགས་འདུ་འཚོགས་པ་དང་། དྲུང་གཞོན་བསྟན་པའི་ཉི་མ་མཆོག་ནས་མདོ་འཛིན་མཛད། སྤྲུལ་འཆི་མེད་གཡུང་དྲུང་མཆོག་གིས་གསུང་བཤད་གལ་ཆེན་གནང་བ་དང་། བཙུན་མ་གཡུང་དྲུང་བཟང་མོ་མཆོག་ནས་གཡུང་དྲུང་བོན་གྱི་བསྟན་པ་འདི་མི་སྐྱ་ཕོ་མོ་སུ་ཡིས་བཟུང་རུང་ཕན་ལ་རྒྱབ་སྐྱོར་བྱེད་དགོས་ལུགས་དང་། མེ་ཏོག་པདྨ་ཞིག་ཡིན་ན་ཡང་ཆུ་ལུད་མ་འཛོམས་ན་བཞད་མི་ཐུབ་པའི་དཔེ་ནང་རེད་ཅེས་གསུང་གླེང་ཡག་པོ་ཞིག་གནང་བྱུང་། སྤྱི་ཚོགས་ཁྲོད་དུ་མིང་གྲགས་ཡོད་པའི་ཚོང་དཔོན་ཚེ་རྒྱལ་མཆོག་ནས་མཉམ་འབྲེལ་ལྷན་ཚོགས་ཀྱི་ནང་དུ་སྤྱི་ཚོགས་ཁྲོད་ནས་སློབ་ཆེན་སློབ་མ་དང་ཤེས་ཡོན་པ་བསྡུ་ལེན་བྱས་ན་འདི་ལས་ཀྱང་ཡག་པོ་ཡོང་སྲིད་པ་རེད་ཟེར།

རེབ་གོང་བོན་མང་གི་སྔགས་འཆང་སྙན་བཟང་བསོད་ནམས་གཡུང་དྲུང་མཆོག་ནས་མཉམ་འབྲེལ་ལྷན་ཚོགས་འདིར་ཞུགས་ནས་ད་བར་དུ་དྲུང་ཡིག་བྱས་པ་དང་དེའི་རིང་གི་ཉམས་མྱོང་བརྒྱུད་ནས་མཉམ་འབྲེལ་ལྷན་ཚོགས་ལ་སྒྲིག་ལམ་ཡག་པོ་ཡོད་པ་དང་ཚོགས་མི་སུ་དང་གང་ཚོགས་འདུར་ཞུགས་ཡོད་མེད་ཚོགས་པའི་ལས་གཞི་བསྒྲུབ་གྱིན་ཡོད་མེད་ཀྱི་སྐོར་ནས་རྩིས་ཐོ་ཞིག་ངེས་པར་དགོས་ལུགས་ཀྱི་སྐོར་སོགས་ནས་གླེང་མོལ་མཛད། ཚོང་བདག་མ་ཀུན་ཐར་མཚོ་ནས་མཉམ་འབྲེལ་ལྷན་ཚོགས་ཀྱི་མ་འོངས་པར་བསམ་བློ་བཏང་སྟེ་མ་དངུལ་ཇེ་མཐོར་བཏང་སྟེ་ཚོགས་མི་རེ་གཉིས་ཀྱི་ཚོང་རྒྱག་དགོས་སྐོར་ནས་གླེང་བ་དང་། དེ་ནས་རིམ་བཞིན་ང་ཚོ་མཉམ་འབྲེལ་ལྷན་ཚོགས་ལ་སྒྲིགས་ཁྲིམས་ནན་མོ་ཞིག་འཇོག་དགོས་པ་དང་བླ་གྲྭ་རྣམས་ཀྱི་ཕྱིའི་སྤྱོད་སྟངས་ན་བཟའ་གྱོན་སྟངས་ཡག་དགོས་པ། མཉམ་འབྲེལ་ལྷན་ཚོགས་ཀྱི་ཁ་བྱང་འདི་ལ་ཡང་བསམ་བློ་གཏོང་དགོས་ལུགས་སོགས་མང་པོ་བགྲོ་གླེང་གནང་།

སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་ནས་མཉམ་འབྲེལ་ལྷན་ཚོགས་ཀྱི་མིང་འདི་ཡང་མ་འོངས་པར་རེ་བ་ཆེན་པོ་ཡོད་དགོས་ན་བོན་བརྒྱ་རིན་པོ་ཆེའི་ཐུགས་དགོངས་ལྟར་ཞང་ཞུང་ཤེས་རིག་ཞེས་རིག་གནས་ལ་ཁ་ཕྱོགས་ཏེ་མིང་ཞིག་བཏགས་ན་མ་འོངས་པར་ཕན་ཞེས་གསུངས་པ་ནང་བཞིན་འདི་ལ་བསམ་བློ་གཏོང་དགོས་ལུགས་ཀྱི་སྐོར་ནས་བསླབ་བྱ་ཧ་ལས་པའི་གལ་ཆེན་གནང་། དྲུང་ཆེ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་ནས་གྲོས་གཞིའི་ཚོགས་འདུ་སྤྱི་སྡོམ་བྱས་པ་དང་། དྲུང་གཞོན་རིན་སྤུངས་ཚུལ་བསྟན་ནས་སང་ཉིན་གྱི་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་འབུལ་བའི་གོ་རིམ་གསལ་བསྒྲགས་བྱས་ཏེ་ཉིན་གཉིས་པའི་རྒྱུན་ལས་ཚོགས་འདུ་གྲོལ།

དགོང་མོའི་ཆུ་ཚོད་༡༠བའི་སྟེང་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ལུང་ཧྭོ་མགྲོན་ཁང་ཆེན་མོའི་སུམ་ཐོག་གི་ཚོགས་འདུ་ཁང་ནས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་མཆོག་གཙོ་བྱས་ཚོགས་གཞོན་རྣམས་ད་ཐེངས་ཀྱི་གྲོས་གཞི་ཁག་ལྔ་བཏོན་ཡོད་པ་དག་དང་ཉིན་གཉིས་རིང་གི་རྒྱུན་ལས་ལས་འཛིན་པ་རྣམས་ནས་བཏོན་པའི་བསམ་ཚུལ་དག་བསྡུ་ལེན་བྱས་ཏེ་གྲོས་ཆོད་ཚོགས་འདུ་འཚོགས་པ་སོགས་ཉིན་གཉིས་པའི་གྲོས་ཚོགས་ཡོངས་སུ་མཇུག་བསྡུས་པའི་གནས་ཚུལ་རགས་བསྡུས་ཙམ་མོ།།

ཉིན་གསུམ་པ། སྐྱབས་རྗེ་རྒྱལ་བ་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་ཕུལ་བ།

ཚེས༡༠ཉིན་གྱི་སྔ་དྲོའི་ཆུ་ཚོད༩དང༣༠སྟེང་དམུ་རིགས་གཤེན་གྱི་གདུང་འཛིན་ཆེན་མོ་༧སྐྱབས་རྗེ་རྒྱལ་བ་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེའི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་རྒྱས་འབུལ་གྱི་མཛད་སྒོ་སྤེལ་བ་དང་། ཚོགས་གཞོན་ཐར་བདེ་ཚེ་དབང་འཇིགས་མེད་མཆོག་ནས་༧སྐྱབས་རྗེ་རྒྱལ་བ་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེའི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་འབུལ་དོན་དང་སྐུ་ཡི་མཛད་རྣམ་རགས་བསྡུས་ངོ་སྤྲོད་གནང་བ་དང་།

བརྟན་བཞུགས་བསྟར་འབུལ་གྱི་ཆོ་ག་དབུ་འཛུགས་གནང་སྟེ་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་མཆོག་གཙོ་བྱས་བླ་སྤྲུལ་མཁན་གསུམ་བསྟར་འཕྲེང་བསྒྲིགས་ཏེ་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེའི་སྐུ་མདུན་དུ་མཆོད་པ་རྣམ་ལྔ་དང་རྒྱལ་སྲས་སྣ་བདུན་སོགས་སྐུ་གསུང་ཐུགས་རྟེན་་ཕུལ་བའི་རྗེས། ཚོགས་ཞུགས་པ་ཡོངས་དང་དད་ལྡན་མང་ཚོགས་རྣམས་ཀྱི་སྐུ་པར་རིན་པོ་ཆེའི་མདུན་ནས་གུས་ཕྱག་དང་གསོལ་བ་སྨོན་ལམ་བཏབ་སྟེ་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྐྱབས་འཇུག་ཞུས།

མཇུག་སྡོམ་ཚོགས་འདུ་འཚོགས། དྲུང་ཆེ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་མདོ་འཛིན་གནང་བ་དང་། དུང་དཀར་དགོན་པའི་གྲྭ་བཙུན་ཤེས་རབ་བསམ་གཏན་མཆོག་ནས་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་སོགས་ནས་ཕུལ་ཡོང་བའི་དུང་དཀར་དགོན་ཕྱག་བཏབ་ནས་ལོ་འཁོར་༡༡༣འཁོར་བའི་རྟེན་ཤིས་ཚིག་སོགས་སྒྲོག་འདོན་བྱས། དྲུང་ཆེ་མཆོག་གིས་གྲོས་ཆོད་ཁྱབ་བསྒྲགས་གནང་།

ཐེངས་འདིའི་ཚོགས་འདུའི་སྦྱིན་བདག་འགན་ཁུར་བ་གཙོ་བོ་ཨ་ལགས་བྱ་འཕུར་གཡུང་དྲུང་ཉི་མ་རྒྱལ་མཚན་མཆོག་ནས་ཐེངས་འདིའི་ཚོགས་འདུའི་བཀོད་སྒྲིག་བྱས་ཚུལ་དང་འབྲེལ་ཏེ་ཚོགས་མི་ཡོངས་ལ་དགོན་པ་ཆུང་བའི་དབང་གིས་བཀོད་སྒྲིག་གིས་མ་འདང་ས་ཡོད་པ་བྱུང་ཡོད་ཚེ་དགོངས་འགལ་མེད་པར་ཞུ་བ་དང་རྗེས་མར་ཡང་རྒྱལ་བའི་བཀའ་རིན་པོ་ཆེ་པར་བསྐྲུན་གྱི་ཐད་ལ་ཡང་རང་ནུས་གང་ཡོད་ཀྱིས་རྒྱབ་སྐྱོར་བྱེད་ངེས་ཡིན་ཞེས་གསུང་བཤད་གལ་ཆེན་གནང་།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུང་དཀར་དགོན་ལ་དྲན་རྟེན་ལེགས་སྐྱེས་གནང་།

ཐེངས་འདིའི་འགན་ཁུར་བ་དུང་དཀར་དགོན་གྱིས་ཐེངས་རྗེས་མའི་ཚོགས་འདུའི་འགན་ཁུར་བ་རོང་བྲག་རྫོང་ལྷུན་གྲུབ་དཔག་བསམ་ལྗོན་པའི་གླིང་གི་འགན་འཛིན་རྣམ་པ་ལ་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚོན་རྟགས་སོགས་བརྒྱུད་སྤྲོད་གནང་།

ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་པའི་མཇུག་སྡོམ་གསུང་བཤད་གལ་ཆེན་གནང་།

སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་ནས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཡིག་གཙོ་གཞོན་རྣམས་ལ་བཀའ་དྲིན་གྱི་ལྷ་དར་དྲང་བ་དང་བསྟན་པའི་ལས་དོན་ལ་མུ་མཐུད་ཧུར་བརྩོན་དགོས་པའི་བཀའ་སློབ་གནང་།

ཚོགས་ཞུགས་པ་ཡོངས་ཀྱིས་གཡུང་དྲུང་བོན་གྱི་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་པ་དང་ཐེངས་འདིའི་ཚོགས་འདུ་རྒྱལ་ཁའི་ངང་མཇུག་སྒྲིལ་བའོ།།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་བ་དང་དུང་དཀར་དགོན་ཕྱག་བཏབ་ནས་མི་ལོ༡༡༣ལོན་པའི་མཛད་སྒོ་གཉིས་ལྷན་དུ་འཚོགས་པ།” སྟེང་དུ་དཔྱད་མཆན 1 ཡོད།

  1. སྟོན་པ་བླ་ན་མེད་པའི་བསྟན་པ་དང་།།
    མདོ་རྒྱུད་མན་ངག་སྙིང་པོའི་ལུང་རྟོགས་བོན།།
    བསྟན་འཛིན་སྐྱེས་བུའི་ཞབས་པད་བརྟན་པ་དང།།
    སྨིན་གྲོལ་བསྟན་པ་ཕྱོགས་བཅུར་རྒྱས་གྱུར་ཅིག།

    མུ་སངས་དྲུང་མུ་གྱེར་ཝེར།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།