བོན་སྒོ་སྤྱིའི་འདོན་ཐེངས་ཉེར་གསུམ་པ་དཔར་བསྐྲུན་ལེགས་འགྲུབ་བྱུང་བ།

བོན་སྒོ་སྤྱིའི་འདོན་ཐེངས་ཉེར་གསུམ་པ་དཔར་བསྐྲུན་ལེགས་འགྲུབ་བྱུང་བ།
ཆོས་འཁོར་ཚང་ཉི་མ་འོད་ཟེར།
1 2

སྔོན་གླེང་གཡུང་དྲུང་ཟིལ་གནོན།

   ཞང་བོད་མི་རིགས་འདི་ཉིད་གནམ་ལྷ་ས་རུ་ཟག་པའམ་ནགས་སྤྲ་གྱེན་དུ་འགྲེང་པ་གང་ལས་བྱུང་བ་ཆ་མ་འཚལ་ནའང༌། བོད་རིག་པའི་ཞིབ་དཔྱོད་པར་རློམ་པའི་མགོ་སེར་རེ་འགས་མཐོང་སྔ་ཕྱི་ཙམ་ལ་བསྙད་དེ་འུ་ཚོའི་ངོ་གདོང་ནི་ཧོར་སོག་གི་རིགས་རྒྱུད་དང༌། སྐད་རིགས་ནི་བྷར་མའི་སྐད་ལུགས། རིག་གནས་ནི་རྒྱ་ནག་གི་གཙུག་ལག ཡི་གེ་ནི་རྒྱ་གར་གྱི་འབྲི་སྲོལ། བཟོ་རིག་ནི་བལ་པོའི་སྒྱུ་རྩལ་ཞེས་མདོར་ན་ཞང་བོད་ཀྱི་སྲིད་འབྱོར་རིག་གསུམ་ནས་ཐ་ན་མི་རིགས་འདིའི་རྒྱབ་ཀྱི་གོས་དང་ཁ་ཡི་ཟས་ཡན་ཆད་ཀྱང་ཁྲོམ་དང་གེ་སར་ཏ་ཟིག་ལྟ་བུ་གཞན་ལས་བླངས་རབས་སྒྲོས་ནས་མཐོ་སྒང་འདི་ཉིད་ཅི་ཡང་མི་བདོག་པའི་སྤྲ་ཚོགས་ཀྱི་རྒྱལ་ཁམས་ཤིག་ཏུ་བསྐྲུན།

སྔ་དུས་ཀྱང་ཐུབ་ཆོས་ལར་ཞེན་གྱིས་རང་རེའི་ལེགས་ཆ་ཡོད་ཚད་ཀྱི་ཁུངས་རྒྱ་གར་ལ་གཏུགས་ཚེ་འགངས་གཙིགས་འཕར་ལྡབ་སྟེར་བའི་ཅོལ་པོའི་ལས་དེས་ཞང་བོད་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་རིག་རྣལ་མ་དག་ཀྱང་ནལ་དྭའི་ཚད་དུ་བཏང་ཞིང༌། མི་རིགས་རང་གི་བྱུང་རབས་ཀྱི་ཁ་ཕྱོགས་ཀྱང་བསྒྱུར་ཏེ། སངས་པོ་ཆུ་ལྕམ་ནས་སྤྲེལ་སྲིན་དང་ཡ་བླ་བདལ་དྲུག་ནས་སྐྱ་བསེང་ཤཱཀྱ་ཅི་རིགས་སུ་བཅོས་ཤུལ་ལྷོའི་རྒྱ་གཤོངས་ནས་སྒང་པ་བོད་ལ་རྒྱུ་བའི་གྱེན་འགྲོ་ཆུ་བོའི་གསོབ་གཏམ་ཡང་ཐལ། ད་དུང་ཡབ་གནམ་རིའི་དུས་སུ་ལན་ཚྭའང་མི་ཤེས་པར་སྐད་པའི་མི་རིགས་ཤིག་གློ་བུར་དུ་སྲས་སྲོང་བཙན་སྐབས་ཆོས་སྲིད་རིག་གནས་ཕུན་སུམ་ཚོགས་པར་གྱུར་རབས་སོགས་ཀྱི་ཁོག་དབུབས་པའི་དཔེ་ཚོགས་ཀྱང་ཇི་སྙེད་ཅིག་བརྩམས། དེ་དག་ལས་ཡར་ཀླུང་གི་སྣོད་བཅུད་མཚོ་དང་སྤྲ་ལས་བྱུང་བར་སྤྲོས་པའི་༼མ་ཎི་བཀའ་འབུམ་༽ནི་ཐོག་མར་ཚན་རིག་དང་མཐུན་རབས་ཀྱི་འུད་ཆེན་ཞིག་བསྒྲགས་ཀྱང༌། ས་འོག་ནས་ཐོན་པའི་རྫ་རུས་དག་གིས་དེ་ཉིད་འཕྲལ་མར་ཐེལ་ཚེའི་རྒྱས་སུ་བཏབ། དེ་ལྟར་ནའང་ད་སྐབས་ཞིབ་དཔྱོད་པར་ཁས་འཆེ་བ་དག་གིས་༼སྦ་བཞེད་༽ཟེར་ནས་བདེན་མདོག་བྱེད་ཀྱིན་སྣང་མོད་ཀྱང༌། དོན་དངོས་སུ་བོད་ཀྱི་ལོ་རྒྱུས་བཟོ་བཅོས་ཆེད་བཞེད་པ་མི་མཐུན་པའི་དབང་གིས་རྒྱལ་པོ་ཁྲི་སྲོང་གིས་༼རྒྱལ་བཞེད་༽དང་སྦ་གསལ་སྣང་གིས་༼སྦ་བཞེད་༽གཉིས་སོ་སོར་བརྩམས་པར་གྲགས། སྦ་ནི་པད་འབྱུང་ལ་མི་དད་པས་ལོ་རྒྱུས་བཅོས་པར་རྙིང་མ་པས་འདོད་ཀྱང་སོག་ཟློག་པས་བོན་བློན་གྱི་ཁ་གཏད་དུ་བྲིས་པར་བཞེད་སྟེ་དགག སྦ་ཡི་སྡོང་བསྡེབས་སུ་བླ་ཆེན་པོའི་༼བླ་བཞེད་༽ཀྱང་བྱུང༌། འོན་ཀྱང་ཁུ་སྟོན་གཡུང་དྲུང་གིས་༼ལོ་རྒྱུས་ཆེན་མོ་༽བྲིས་རྗེས་༼སྦ་བཞེད་༽ལ་ཆེ་འབྲིང་ཆུང་གསུམ་དང༌། ཞབས་བཏགས་མ། གཙང་མ། ལྷད་མ་ཟེར་བ་ཇི་སྙེད་ཅིག་ཀྱང་ཐོན། དེ་མཚུངས་བསམ་ཡས་བཀའ་ཐང་དང་བཀའ་གཙིགས་སོགས་ཀྱང་ཡོད་བཟོར་སྣང༌། ད་དུང་ཞབས་སུ་བཏགས་རྒྱུ་མ་དེའང་མུ་ཏིག་བཙན་པོ་དང་ཕྱི་དར་གྱི་སྐོར་སོགས་གང་ནས་བཏགས་མིན་ལ་མ་མཐུན་ཡང༌། བལྟས་ཚོད་ལ་མིག་སྔའི་༼སྦ་བཞེད་༽ཡོད་ཚད་ཀྱང་ཞབས་བཏགས་མ་རུ་སྣང་བས། དེ་དག་རྣལ་འབྱོར་པ་ཀུན་བློ་དང༌། ཁུ་སྟོན་བརྩོན་འགྲུས། དབུས་པ་བློ་གསལ་སོགས་ཀྱིས་མཛད་པའི་དོགས་གཞིའང་ལྷག གལ་ཏེ་སྦ་ཡིས་མཛད་ཚེ་སྦ་རིགས་ཡེ་དབང་རིན་ཆེན་ཁྲི་གཟིགས་གསུམ་ཡང་གསལ་སྣང་ཡིན་མིན་གྱི་འཁྲུན་ཐག་ཀྱང་མ་ཆད། གང་ལྟར་༼སྦ་བཞེད་༽དང་༼རྦ་བཞེད་༽དེ་བཞིན་༼དབའ་བཞེད་༽ད་དུང་༼འབའ་བཞེད་༽ཅེས་ཁ་བྱང་གི་དག་ཆ་སོ་སོར་མཆིས་པ་ལྟར་གཞུང་དངོས་ཀྱི་མ་ཕྱིའང་མི་འདྲ་བར་ལོགས་སུ་ཡོད་པ་ནི་མོན་གྱི་༼རྡོར་གཅོད་༽ལས་ཀྱང་ཚབས་ཆེ་བར་མཐོང༌། འོན་ཀྱང་ཅུང་རྙིང་དྲི་དྲོ་བ་ནི་༼དབའ་བཞེད་༽དེ་ཉིད་ཡིན་བཟོར་སྣང་བས། དེའི་ནང་བྱབྱམེས་སྲོང་བཙན་སྒམ་པོས་ནི་དམ་པའི་ཆོས་མཛད་པའི་སྲོལ་དེ་ཙམ་ཞིག་བཏོད་དོ་བྱབྱཞེས་པའི་ཚིག་དུམ་ཞིག་བྱུང་བ་ཕྱི་མ་དག་གིས་མེད་པར་བཏང་ཚུལ་ལ་གཞིགས་ན་གློ་བུར་ཐོག་རྒྱག་ཏུ་རྒྱས་པའི་སྲོང་བཙན་གྱི་མཛད་འཕྲིན་རླབས་ཆེན་དེ་དག་ནམ་ཞིག་ནས་གསར་བཟོས་ཀྱིས་སྤེལ་བའང་ཞོར་དུ་ཤེས། དེ་བས་བྱབྱཁྲི་སྲོང་ལྡེ་བཙན་རྒྱ་ཚ་བྱབྱཟེར་ནས་བཙན་པོའི་ཤ་ཁྲག་ཀྱང་རྒྱ་ལ་གཏུགས་པར་བརྩོན་པའི་༼སྦ་བཞེད་༽སོགས་ནི་རྫུན་སྒྲོམ་རང་སྟེ། ཐང་གི་ཡིག་ཚང་དང་ཏུན་ཧོང་གི་ཤོག་དྲིལ་ལྟར་ན་གྱིམ་ཤིང་ཀོང་ཇོ་ནི་ས་མོ་ཡོས་ཏེ་ཕྱི་ལོ་༧༣༩ལོར་འདས་ཤིང༌། ཁྲི་སྲོང་ནི་ཆུ་ཕོ་རྟ་སྟེ་ཕྱི་ལོ་༧༤༢ལོར་འཁྲུངས་སྟབས། ཁོང་གཉིས་ཡུམ་སྲས་ཡིན་ཐབས་ཀྱང་བྲལ་ལ། གནད་དོན་འདིས་༼སྦ་བཞེད་༽སོགས་ནི་ཞང་བོད་ཆོས་རིག་གི་ལོ་རྒྱུས་རྣལ་མ་འགུམས་པའི་མཚོན་ཆར་འཁུམས་སོ། །

དེ་བས་འདི་དག་ལས་ཀྱང་དུས་རབས་བཅུ་དྲུག་པར་བྲིས་པའི་གཙུག་འཕྲེང་གི་༼མཁས་པའི་དགའ་སྟོན་༽དེ་ཉིད་རྙིང་དྲི་བྲོ་བའི་ནང་དོན་དང་ལུང་ཚིག་སོགས་ཀྱིས་ཕྱུག་རབས་ལ་བརྟགས་ན། དོན་གནད་གཞན་ཞིག་གི་ཁུངས་ཀྱང་ཕྱུང་པ་སྟེ། ༼སྦ་བཞེད་༽སོགས་ནི་ལོ་རྒྱུས་དངོས་ཀྱི་ཁ་གཏད་དུ་བསྒྲིགས་པའི་ཟོལ་སྒྲུང་རང་དུ་མངོན་པས་མ་ཚད། ཟོག་གཏམ་དེ་དག་མི་ཁུར་བའི་བོན་བློན་དག་གིས་གཙོས་པའི་བོན་གཤེན་ཇི་སྙེད་ཅིག་ནན་བསྒྱུར་དང་བསྐྲད་སྤྱུགས་དེ་བཞིན་ཆབ་གསོལ་གྱིས་མནར་ཡོད་པའང་དཀྱུས་དོན་ལ་ཟུར་བལྟས་ཀྱིས་མཐོང༌། དེས་ན་ནམ་ཡང་རེ་བ་སྐམ་པོས་རང་ཉིད་ཕུང་ཀྲོལ་དུ་སྦྱོར་བའི་རང་རིགས་འདིས་རང་སའི་ཆོས་རིག་ལ་སྙིང་རྗེ་ཏིལ་འབྲུ་ཙམ་ཡང་མེད་ཁར་ད་དུང་སྙིང་རྗེ་ཅན་གྱི་བོད་ཅེས་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་བསྒྲགས་ནས་བློ་རིག་བཀྲ་བའི་དམག་རོགས་རྒྱ་ནག་ཀྱང་འཇམ་དཔལ་དབྱངས་དང་གཏུམ་དྲག་ཅན་གྱི་སོག་པོའང་ཕྱག་ན་རྡོ་རྗེ་སྟེ་རིགས་གསུམ་མགོན་པོའི་གདུལ་ཞིང་དུ་བྱས་ཏེ། འཁོར་གསུམ་གྱི་རྣོ་ཁ་ཡོད་ཚད་རང་རིགས་ནང་ཁུལ་དུ་གཏད་ནས་དམེ་སྡིག་འདག་ཐབས་མེད་པར་བསགས་པའི་ཉེས་འབྲས་ཀྱི་རྣམ་སྨིན་ད་སྐབས་མྱོང་བཞིན་པ་ནི་རིག་འཛིན་གོང་མའི་ལུང་བསྟན་ལྟར་དུ་འདུག  དེ་དག་ལ་བསམས་ན་སྐྱུད་ཐབས་མེད་པ་ཞིག་སྟེ། བོན་གྱི་གསུང་རབ་རྣམས་འབྱུང་ལྔའི་ཞལ་དུ་སྤུར་གཏོར་བཞེན་བསྐུར་མནན་ལྔ་ཇི་འདྲ་བྱས་ཀྱང༌། གཏམ་ཤུལ་དགའ་ཐང་གི་འབུམ་པའི་ཞབས་འོག་ནས་ཐོན་པའི་བོན་དཔེ་ཇི་བཞིན་སྐབས་ཤིག་ལ་སྲོང་བཙན་སྒམ་པོའི་མྱེས་པོའི་ཞལ་འདོན་ཕྱག་བསྟར་མ་དག་ཀྱང་རྙེད་ངེས་པས། དེ་དུས་ཐོན་མི་ཨ་ནུ་དུར་ས་ནས་ངུ་སྐད་འཆོར་ངེས་པར་མ་ཟད། འཛིངས་རྙོགས་སུ་གནས་པའི་ད་ལྟའི་ཆོས་རིག་ལོ་རྒྱུས་ཀྱི་བླ་མཐང་ཡང་བསྒྱུར་ཏེ། ཞང་བོད་ཀྱི་ལོ་རྒྱུས་དངོས་བདེན་རྣམས་སླར་ཡང་འཚོ་བའི་སྲོག་དབུགས་རྒྱས་ཤིང་ཞང་ཞུང་བོན་གྱི་བདེན་པ་རྒྱལ་བར་ངེས་སོ།། །།

བོན་རྒྱལ་ལོ། ། གཙོ་སྒྲིག་པ་ཆོས་འཁོར་ཚང་ཉི་མ་འོད་ཟེར་པས།
3 4

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།