༢༠༡༢ལོའི་༼མུ་ཁྲི་བཙན་པོ༽འགྲེམ་སྤེལ་གནང་བ། སྤྱིའི་འདོན་ཐེངས་དྲུག་པ།

༢༠༡༢ལོའི་༼མུ་ཁྲི་བཙན་པོ༽འགྲེམ་སྤེལ་གནང་བ། སྤྱིའི་འདོན་ཐེངས་དྲུག་པ།
1 2

གླེང་གཞི།
ཞིབ་འཇུག་པ་དོན་གྲུབ་ལྷ་རྒྱལ།༼བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་༽
བོད་སྤྱིའི་ལོ་རྒྱུས་གླེང་སྐབས་སྐྱེ་བོ་ཕལ་ཆེ་བའི་བློ་ལ་འདི་འདྲ་ཞིག་འཆར་སྲིད་པ་སྟེ། གཉའ་ཁྲི་བཙན་པོས་སྤུ་རྒྱལ་རྒྱལ་རབས་དབུ་བརྙེས་པ་དང་དེའི་རྒྱལ་རྒྱུད་གནམ་ལ་ཁྲི་བདུན་ཞེས་པ་བྱོན་པ་དང་དེ་རྗེས་རྒྱལ་རབས་བརྒྱད་པ་གྲི་གུམ་བཙན་པོ་རང་གི་བློན་པོ་ལོ་ངམ་ཞེས་པ་ཞིག་གིས་བཀྲོངས་ནས་བུ་ཚ་རྣམས་ཁ་འཐོར་དུ་སོང་ཡང་བཙན་པོའི་རྒྱལ་རྒྱུད་མ་ཆད་པར་ལོ་ཤས་སོང་རྗེས་སླར་ཡང་བོད་བཙན་པོའི་རྒྱལ་ས་བཟུང་པ་དང་དེ་ནས་རྒྱལ་རབས་རིམ་གྱིས་བརྒྱུད་ནས་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས་པ་དང་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་སུ་རྒྱལ་གཞིས་རྒྱ་བསྐྱེད་བཏང་དམ་ཆོས་དངོས་སུ་བོད་ལ་གདན་དྲངས་ནས་བན་དེའི་ལྷ་ཁང་མང་པོ་བཞེངས་པ་དང་དེ་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱ་གར་ནས་སློབ་དཔོན་པད་མ་དང་བྷོ་ཏི་ས་ཏྭ་རྣམ་གཉིས་གདན་དྲངས་ནས་བན་དེའི་དགོན་པ་དང་པོ་བསམ་ཡས་དགོན་པ་བཞེངས་པ་ཞེས་པའི་ལོ་རྒྱུས་ཀྱི་དོན་རྐྱེན་དེ་དག་རེད། དེ་ནི་ལོ་རྒྱུས་སྨྲ་བ་འགའ་ཞིག་གིས་རང་གི་དགོས་མཁོ་དང་དད་མོས་ལ་བསྟུན་ནས་བྲིས་པའི་ལོ་རྒྱུས་ཤིག་ཡིན་པས་བོད་སྤྱིའི་ལོ་རྒྱུས་དངོས་ཀྱི་རྣམ་པ་ཆ་ཚང་བ་ཞིག་མཚོན་ཐུབ་ཀྱི་མེད། དེའི་རྒྱུ་མཚན་ནི་གཡུང་དྲུང་བོན་གྱི་ལོ་རྒྱུས་སྨྲ་བ་ཚོས་དེ་དང་མི་འདྲ་བ་ཞིག་ཤོད་ཀྱི་ཡོད་པ་ལས་གོ་ཐུབ། བོད་ཀྱི་ལོ་རྒྱུས་དེ་ཡང་སྙིང་གང་འདྲ་ཞིག་ཡིན་མིན་བན་དེ་དང་བོན་པོ་ཕྱོགས་གཉིས་ཀྱི་དཔྱད་ཡིག་གོ་བསྡུར་བྱས་ནས་བལྟས་ན་གཞི་ནས་ལོ་རྒྱུས་དངོས་དང་ཐག་ཉེ་བའི་གནད་དེ་མཐོང་ཐུབ།
སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བན་དེའི་ཆོས་བོད་དུ་ཤུགས་ཆེན་མ་དར་གོང་གི་རྒྱལ་རབས་མང་པོའི་རིང་ལ་བོད་གངས་ཅན་གྱི་ཡུལ་འདི་གཡུང་དྲུང་བོན་གྱི་ཤེས་རིག་ཆེས་དར་ཆེ་བའི་ཡུལ་གྲུ་ཞིག་རེད། གཡུང་དྲུང་བོན་གྱི་ཤེས་རིག་བོད་དུ་དར་བའི་རྒྱུད་རིམ་ཁྲོད་དུ་སྐྱེས་ཆེན་དུ་མས་མཛད་འཕྲིན་བསམ་ལས་འདས་པ་བསྐྱངས་ཡོད་རུང་ཕྱོགས་ལྷུང་གི་ལྟ་བའི་དྲི་མས་བསྒྲིབས་ནས་ཕྱི་རབས་པའི་མིག་ལམ་དུ་གསལ་པོར་མངོན་མི་ཐུབ་པ་གྱུར་ཡོད། སྐྱེས་ཆེན་དམ་པ་དེ་དག་གི་ཁྲོད་དུ་བོད་རྒྱལ་བཙན་པོ་གཉིས་པ་མུ་ཁྲི་བཙན་པོ་ཡང་ཚུད་ཡོད། དེ་ཡང་གཡུང་དྲུང་བོན་གྱི་ཤེས་རིག་བོད་དབུས་གཙང་ཡུལ་དུ་དར་བའི་གོ་རིམ་ནང་མུ་ཁྲི་བཙན་པོས་མཛད་རྗེས་ཆེན་པོ་བཞག་པའི་ལོ་རྒྱུས་བོན་གྱི་དེབ་ཐེར་ལས་གཞན་གྱི་དེབ་ཐེར་གང་གི་ནང་དུ་ཡང་ཚིག་འབྲུ་ཙམ་ཡང་མཐོང་མི་ཐུབ། དེར་བརྟེན་བོད་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་ནང་དུ་ཤེས་རིག་སྣ་ཚོགས་བོད་གངས་ཅན་ལྗོངས་སུ་དར་རྒྱས་བྱུང་བའི་རྒྱུད་རིམ་ནང་སྐྱེས་བུ་གང་གིས་མཛད་རྗེས་གང་དང་གང་བཞག་ཡོད་པ་ཕྱི་རབས་པས་ཕྱོགས་ལྷུང་གི་ལྟ་བ་དོར་ནས་གདེང་འཇོག་བྱས་ན་ལོ་རྒྱུས་ཀྱི་རྣམ་པ་དྲང་པོ་ཞིག་མཐོང་ཐུབ་ངེས་རེད།

དེ་ཡང་<མུ་ཁྲི་བཙན་པོ་>ཞེས་པའི་དཔྱད་བརྗོད་ལོ་དེབ་འདིའི་མིང་ལ་མུ་ཁྲི་བཙན་པོ་ཞེས་གསོལ་དགོས་པའི་དམིགས་ཡུལ་གཙོ་བོ་ནི་བོད་གངས་ཅན་གྱི་ཤེས་རིག་འཕེལ་རྒྱས་ལ་མཛད་རྗེས་རླབས་པོ་ཆེ་བཞག་ཡོད་རུང་ཕྱི་རབས་པས་རང་འདོད་དང་ཕྱོགས་ལྷུང་གི་ལྟ་བའི་དབང་གིས་དམ་པ་དེ་དག་གི་མཛད་པ་སྐྱེ་བོ་ཕལ་པས་རྟོགས་མ་ཐུབ་པའི་གནད་རྣམས་ཞིབ་འཇུག་གི་ལམ་ནས་གསལ་རྟོགས་བྱུང་བའི་འབྲས་བུ་གསར་པ་ངོ་སྤྲོད་བྱེད་སའི་སྟེགས་བུ་ལྟ་བུའི་ནུས་པ་འདོན་ཐུབ་ཐབས་བྱེད་རྒྱུ་དེ་ཡིན་དགོས། དམིགས་ཡུལ་དེ་འདྲ་ཞིག་སྒྲུབ་དགོས་ན་ཕྱོགས་ལྷུང་གི་ལྟ་བའི་དྲི་མས་མ་གོས་པར་དྲང་ལྡན་གྱིས་ཞིབ་འཇུག་བྱས་པའི་འབྲས་བུ་གསར་པ་གང་ཡོད་དང་དུ་བླངས་ནས་དེ་དག་སྐྱེ་བོ་རྣམས་ཀྱི་མིག་ལམ་དུ་འདྲེན་ཐུབ་པ་བྱེད་རྒྱུ་གལ་ཆེ་སྙམ། རྩ་དོན་དེ་འདྲ་ཞིག་རྒྱུན་བསྲིངས་བྱེད་ཐུབ་ན་ལོ་དེབ་རང་གི་དམིགས་བསལ་གྱི་མིང་དང་འདྲ་བར་ལོ་དེབ་འདིའི་ཕན་ནུས་དམིགས་བསལ་ཅན་ཐོན་ཐུབ་ངེས་རེད། ཅེས་དོན་གྲུབ་ལྷ་རྒྱལ་གྱིས་སྤྱི་ལོ་༢༠༡༢ལོའི་སྟོན་ཟླ་འབྲིང་པོའི་ནང་དབུས་ལྷ་སའི་གཞུང་ནས་སྦྱར་བ་དགེའོ། །

3 4 5 6 7 8 9

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།