གཡུང་དྲུང་བོན་གྱི་གཡས་རུའི་འཆད་རྩོད་ཆེན་མོ།

གཡུང་དྲུང་བོན་གྱི་གཡས་རུའི་འཆད་རྩོད་ཆེན་མོ།
ཁྲི་བསོད་བསྟན།
5

 སྤྱི་ལོ་༢༠༡༣ལོའི་ཟླ་༨ཚེས་༢༩ཉིན། དགའ་མལ་དགོན་ཆེན་གྱི་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་དང་དཔོན་སློབ་ཤེས་རབ་མཐར་ཕྱིན། སྣང་ཞིག་དངུལ་སྐུ་དགོན་གྱི་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་རྣམ་པས་ཐུགས་བསྐྱེད་དང་ལྷག་བསམ་གྱི་དབུ་ཁྲིད་འོག གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་སྐབས་གསུམ་པ་དང་ཐེངས་དང་པོའི་གཡུང་དྲུང་བོན་གྱི་གཡས་རུའི་འཆད་རྩོད་ཆེན་མོ། བོན་དང་འབྲེལ་བའི་ཐོག་མའི་བགྲོ་གླེང་འདུ་འཚོགས་བཅས་མདོ་སྨད་ཤར་ཟིང་ཆུའི་ཡུལ་གྱི་བྱང་བྱ་དུར་དགའ་མལ་དགོན་ཆེན་དུ་གཟབ་རྒྱས་ངང་འཚོགས་ཐུབ་པ་དང་ཉིན་དང་པོའི་ཚོགས་འདུའི་བྱེད་སྒོ་རྒྱ་ཆེར་སྤེལ།

      དེ་རིང་གི་སྔ་དྲོར། ༧སྨན་རིའི་ཁྲི་འཛིན་སོ་གསུམ་པ་༧སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེའི་སྐུ་པར་སྤྱན་ཞུ་ཐོག གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་གྱི་ཚོགས་ཆེན་སྟེང་མདོ་དབུས་ཁམས་གསུམ་ནས་ཆེད་ཕེབས་གནང་བའི་བླ་སྤྲུལ་དགེ་བཤེས་དང་རྒྱུན་ལས་ལས་འཛིན་པ་རྣམས་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་དགོན་ལག་བཅུ་གསུམ་ལས་་དགའ་མལ་དགོན་དང་སྐྱང་ཚང་དགོན། རིན་སྤུངས་དགོན། སྣང་ཞིག་དགོན། ལྕགས་མདུད་དགོན་སོགས་ནང་གི་དགོན་ཁག་ལྔའི་འབངས་སྡེ་ཁྲི་ཕྲག་མང་པོས་སྤོས་བསང་དང་མེ་ཏོག་གི་མཆོད་པས་མདུན་བསུས་ཤིང་རླངས་འཁོར་བརྒྱ་ཕྲག་ལྷག་གིས་སྣེ་དྲངས་ཏེ་གཙོ་ཚང་གྲོང་བརྡལ་ནས་ལེ་བར་བཅུ་གཉིས་མཚམས་ཀྱི་དགའ་མལ་དགོན་བདེ་ཆེན་ཀུན་ཁྱབ་གླིང་དུ་ཆིབས་བསྒྱུར་མཛད་པ་དང་། གཡུང་དྲུང་བོན་གྱི་གཡས་རུའི་འཆད་རྩོད་ཆེན་མོའི་སྟེང་ཕྱོགས་སོ་སོའི་བོན་གྱི་བཤད་སྒྲུབ་སློབ་གླིང་ཁག་ནས་ཆེད་ཕེབས་གནང་བའི་དགེ་སློབ་ཉིས་སྟོང་ཡས་མས་ཀྱིས་སེར་ཕྲེང་གི་མཆོད་པས་མདུན་ལེགས་པར་བསུས།
     རྗེས་སུ་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་སྣང་སྟོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་ལགས་དང་གཡུང་དྲུང་གླིང་གི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ། དགའ་མལ་དགོན་ཆེན་གྱི་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་གསུམ་གྱིས་གཤེན་བསྟན་སྲིད་པའི་བརྡ་དར་ཆེན་མོ་ཨ་སྔོན་དབྱིངས་སུ་ཕྱར་བར་སྦྲགས་ཏེ་དཔྱོད་ལྡན་མཁས་དབང་གི་ཚོགས་དང་འཆད་ཉན་འཛིན་པའི་འདུས་སྡེ་རྒྱ་མཚོས་འཛམ་གླིང་བོན་གྱི་བསྟན་པ་རིན་པོ་ཆེ་འཕེལ་ཞིང་རྒྱས་པའི་སྨོན་ལམ་གསུངས།
   དེ་རིང་གི་ཉིན་གོང་ནས་ཕྱི་དྲོར། ཤེས་རབ་སྨྲ་སེང་གི་གསས་ཁང་དུ་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་མི་སྣས་གྲོས་དཔྱད་གཏན་འབེབས་ལྟར། གཡུང་དྲུང་བོན་གྱི་གཡས་རུའི་འཆད་རྩོད་ཆེན་མོ་ལ་གླིང་སྟོད་དང་གླིང་སྐེད། གླིང་སྨད། གླིང་ཟུར་བཅས་འཆད་རའི་སྐོར་ཚན་བཞི་རུ་དབྱེ་ཞིང་། དྲུང་གཞོན་རྟོགས་ལྡན་བསྐལ་ཁོ་ལགས་ཀྱིས་ཚོགས་འདུ་སྤྱིའི་གཏམ་གྱི་གླེང་བསླངས་འགོ་འཛིན་ཞུ་བ་དང་། མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་ལགས་ཀྱིས་ཐེངས་འདིའི་ཚོགས་ཆེན་གྱི་སྒྲིག་སྲོལ་ཐད་ལ་བཀའ་སློབ་མཛད་པ་དང་། ཚོགས་གཙོ་སྣང་སྟོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་གིས་ཚོགས་ཆེན་འདིའི་དམིགས་ཡུལ་ཕྱོགས་ནས་གསུང་བཤད་གལ་ཆེན་གནང་བ་དང་། དྲུང་ཆེ་གདོང་བཙུན་རྒྱ་ཐར་ལགས་ཀྱིས་བཀྲ་ཤིས་པའི་ཚོགས་ཆེན་གྱི་དོན་སྙིང་དང་འགྲོ་རིམ་སོགས་ཕྱོགས་ཀྱི་བཤད་སྒྲུབ་འདུས་སྡེའི་དགེ་སློབ་ཡོངས་ལ་སྙན་སྒྲོན་ཕུལ་ཏེ་ཉིན་དང་པོའི་ཚོགས་འདུ་མཇུག་བསྡོམས་བྱས།
1 2 3 4 6 7 8 9 10

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།