ཉིན་དང་པོ་ནས་གསུམ་པའི་བར་གྱི་གཡུང་དྲུང་བོན་གྱི་གལ་ཆེན་ཚོགས་ཆེན་གསུམ་འཚོགས་པའི་སྐོར་གྱི་གནས་ཚུལ།

ཉིན་དང་པོ་ནས་གསུམ་པའི་བར་གྱི་གཡུང་དྲུང་བོན་གྱི་གལ་ཆེན་ཚོགས་ཆེན་གསུམ་འཚོགས་པའི་སྐོར་གྱི་གནས་ཚུལ།
རྩོམ་པ་པོ། ཁྲི་བསོད་བསྟན་གྱིས་བསྒྲིགས། ཡོང་ཁུངས། ཧི་མ་ལ་ཡའི་བོན།

     གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པ་དང་ཐེངས་དང་པོའི་གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ། བོན་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་དང་བཅས་ཤར་བའི་སྨན་ལྗོངས་༧དབལ་གཤེན་བསྟན་དགའ་མལ་དགོན་ཆེན་དུ་འཚོགས་པ།

གངས་དཀར་ཏི་སེའི་རྨད་བྱུང་གཟི་འོད་གོ་ལ་ཟླུམ་པོའི་ཁྱོན་ན་འབར།། གངས་སེང་སྟོང་གིས་ངར་སྐད་སྒྲོག་བཞིན་དེ་རིང་གནས་འདིར་སྤྲོ་བའི་འཛོམས།། གངས་རྒྱལ་ཏི་སེ་འཛམ་གླིང་ཏོག་ལ་བསྐལ་བརྒྱར་བརྗིད་པའི་ལས་དོན་དུ།། གངས་ཕྲུག་དུ་མས་གཡུ་རལ་ཐོག་མ་ཤར་ཡུལ་དགའ་མལ་དགོན་ནས་ངོམ།།
1   ཞེས་ཤིས་པར་བརྗོད་པའི་བདེན་ཚིག་ཐོག་མཐའ་བར་གསུམ་དུ་དགེ་བའི་མེ་ཏོག་ཕྱོགས་སུ་འཐོར་ནས་གང་ཞིག་གླེང་བའི་ཐོག་མར། བོད་རང་ས་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ལ། མི་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་ལ། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་དང་སྐུ་གཤེན་ནམ་མཁའ་སྣང་བ་མདོག་ཅན་གཉིས་ཀྱི་རིང་ནས། རྒྱལ་གཤེན་བསྟན་པ་མཉམ་ཆགས་སུ་མཛད་དེ། བོན་གྱི་འདུ་གནས་སུམ་ཅུ་རྩ་བདུན་དུ་ཡོད་པ་རྣམས་སུ་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རབ་ཏུ་དར་ཞིང༌། གྲུབ་ཆེན་རིག་འཛིན་བརྒྱ་རྩས་བོན་བསྟན་ཡིད་བཞིན་ནོར་བུ་ཕྱོགས་བཅུ་ཀུན་ཏུ་སྤེལ། དེ་ནས་བསྟན་པ་ཕྱི་དར་སྐབས་སུ་བླ་མ་གཤེན་ཆེན་པོའི་དངོས་སློབ་བཀའ་བབ་བུ་བཞི་སོགས་ཀྱི་དུས་ནས། བྲུ་ཞུ་སྤ་རྨེའུ་སོགས་ཀྱི་གདན་ས་བྱུང་སྟེ་བཤད་སྒྲུབ་ཀྱི་བསྟན་པ་ཉི་མའི་དཔལ་ལ་སྦྱར། ཁྱད་པར་དུ་རབ་བྱུང་དང་པོའི་ཆུ་བྱ་ལོར་བྲུ་གཡུང་དྲུང་བླ་མས་རྒྱལ་བ་བྲུ་ཡི་རིང་ལུགས་འཛིན་པའི་གཡས་རུ་གཙང་གི་འདུ་གནས་ཆེན་མོ་ལྷུན་གྲུབ་དབེན་ས་བཏབས། རྗེ་བཙུན་བྱང་པ་ཁྲོ་ཚང་འབྲུག་ལྷས་དགུང་ལོ་བརྒྱ་དང་བཅུ་བདུན་བཞེས་ཐོག་ས་འདུལ་གནང༌། བཤད་སྒྲུབ་ཟུང་འབྲེལ་གྱི་བསྟན་པ་རབ་ཏུ་འཕེལ་བ་ལགས་ཏེ། གཤེན་མཁས་ཚུལ་ཁྲིམས་རྒྱལ་མཚན་གྱི་དངོས་སློབ་མདོ་སྨད་ཁྲི་ཀ་བ་རྗེ་བཙུན་ཀུན་བཟང་རྒྱལ་མཚན་གྱི་གསུང་ལས། ལྷུན་གྲུབ་དབེན་ས་ཁ་ཞེས་མིང་དུ་ཆགས།། འདུས་པ་བདུན་སྟོང་གྲངས་སུ་འཚོགས་པ་ལ།། གབ་མཛོད་ས་གསུམ་བོན་གྱི་འཆད་རྩོད་དར།། ཞེས་གསུངས་པས། གདན་ས་དེར་བོན་གྱི་ལོ་རྒྱས་ཐོག་གཡས་རུ་གཙང་གི་སྟོན་པ་བཅོ་བརྒྱད་བྱོན། དེ་ནས་བཀྲ་ཤིས་སྨན་རིའི་དགོན་སྡེ་དང་རབ་ལེགས་གཡུང་དྲུང་གླིང་སོགས་སུ་འཆད་རྩོད་རྩོམ་གསུམ་གྱི་བསྟན་པ་རབ་ཏུ་དར་བའི་ལོ་རྒྱུས་ཤིན་ཏུ་རིང་བའི་བཤད་པ་དེ་ཙམ་གྱིས་ཆོག་པར་བྱའོ།།2  ད་ལྟ་རབ་བྱུང་བཅུ་བདུན་པའི་ནང་འདིར། མདོ་སྨད་རྔ་ཡུལ་སྣང་ཞིག་དགོན་པའི་དགོན་བདག་བླ་མ་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་དང༌། རྒྱལ་ཚབ་བསྟན་འཛིན་དབང་རྒྱལ་རྣམ་གཉིས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་ཚད་མེད་གནང་འོག སྤྱི་ལོ་2007ལོ་ནས་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་དངོས་སུ་ཚུགས་ཤིང༌། གཡུང་དྲུང་བོན་གྱི་བསྟན་པའི་གནས་བབ་དང་བསྟུན་པའི་བགྲོ་གླེང་དང་གྲོས་མོལ་ལོ་མང་རིང་བྱས་པའི་གྲུབ་འབྲས་སུ་ཐེབས་དང་པོའི་གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་འདི་ལྟར་ཚུགས་པ་ལགས། དེ་ཡང༌དགལ་མལ་དགོན་ཁག་གི་མཁན་པོ་བླ་མ་ཚེ་རིང་ངམ་ཤེས་རབ་གཡུང་དྲུང་དབང་རྒྱལ། དགའ་མལ་དགོན་ཆེན་གྱི་དཔོན་སློབ་ཤེས་རབ་མཐར་ཕྱིན། ཤར་བ་སྣང་ཞིག་དགོན་པའི་སྤྲུལ་སྐུ་ངག་དབང་ངམ་ཤེས་རབ་འོད་ཟེར་རྒྱལ་མཚན་སོགས་ཀྱིས་ལྷག་བསམ་ཟོལ་མེད་བཅངས་ནས་གཡུང་དྲུང་བོན་གྱི་བསྟན་པ་ལ་སྲི་ཞུ་བསྒྲུབས་ཏེ། ས་གནས་སྲིད་གཞུང་ལ་ཡར་ཞུ་བྱས་ནས་ཆོག་མཆན་ཐོབ་པ་བརྒྱུད། གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པ་དང༌། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་དང་པོ། བོན་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་བཅས་མདོ་སྨད་ཤར་བའི་སྨན་ལྗོངས་དགལ་མལ་དགོན་ཆེན་ནས་དངོས་སུ་ཚོགས་འགོ་བརྩམས།
3 4     སྤྱི་ཟླ་8ཚེས་29ཉིན་གྱི་ཞོགས་ཀའི་ཆུ་ཚོད་དགུ་པའི་སྟེང༌། ཟིང་ཆུ་རྫོང་གཙོ་ཚང་དགོན་གྲོང་བརྡལ་ནས་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་བཞི་ནས་ཕེབས་པའི་བླ་སྤྲུལ་དང་མཁན་པོ། དགེ་བཤེས་དང་གྲྭ་བཙུན། གསང་སྔགས་རིག་པ་འཛིན་པ་རྣམས་རླངས་འཁོར་དུ་བཞུགས་ཏེ། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་འགན་ཁུར་དང་ཤར་ཡུལ་དགའ་མལ་དགོན་མ་ལག་བཅུ་གསུམ་གྱི་བླ་མ་དགེ་འདུན་པས་སྣེ་དྲངས་ཏེ། དད་ལྡན་མང་ཚོགས་ཀྱིས་ལྷ་དར་མཐོ་རུ་བཏེགས་ནས་བསུ་བ་བཅས་དགའ་མལ་དགོན་ཆེན་དུ་ཕེབས། ཆུ་ཚོད་11:00སྟེང་གཡུང་དྲུང་གླིང་གི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་དང༌། གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་དང༌། དགའ་མལ་དགོན་ཆེན་གྱི་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རྣམ་གསུམ་གྱིས་གཡུང་དྲུང་བོན་གྱི་བརྡ་རྟགས་སྲིད་པའི་དར་ཆེན་མཁའ་ལ་བསྒྲེངས། དེ་དང་ཆབས་ཅིག་ཚོགས་པའི་རྒྱུན་ལས་རྣམས་དང་བླ་གྲྭ་ལྷན་རྒྱས་ཀྱི་དྲན་རྟེན་འདྲ་པར་བསྒྲོན།
5ཆུ་ཚོད་14:30–16:30བར་ཚོགས་པའི་རྒྱུན་ལས་དང་དགོན་སྡེ་ཁག་གི་སློབ་གླིང་གི་འགན་འཛིན་རྣམ་པས་གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཇི་ལྟར་འཚོགས་རྒྱུའི་སྐོར་གྱི་གྲོལ་མོལ་བྱས་ཤིང་དགེ་བཤེས་རྣམ་པས་བཏོན་པའི་དྲི་བ་དག་ཚོགས་པས་དང་ལེན་བྱ་རྒྱུ་དང་གྲྭ་མང་རྣམས་གླིང་ཚན་བཞི་རུ་ཁག་བགོས། ཆུ་ཚོད་17:00–18:30བར། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་དངོས་སུ་འགོ་བརྩམས་པ་དང༌། གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་སྣང་ཞིག་སྐྱབས་མགོན་རིན་པོ་ཆེས་འགོ་འཛིན་གྱི་གསུང་བཤད་གནང་ནས་འཆད་རྩོད་ཆེན་མོ་འདི་འཛུགས་དགོས་པའི་རྒྱུ་མཚན་དང་རེ་བ་ནན་མོ་བཏོན། དེ་དང་ལྷན་དུ་དགལ་མལ་དགོན་ཆེན་གྱི་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་ཚང་གིས་འཆད་རྩོད་ཆེན་མོ་འདི་བཙུགས་པའི་བརྒྱུད་རིམ་སོགས་ཀྱི་གསུང་བཤད་གནང༌། ཚོགས་པའི་དྲུང་ཆེ་གདོང་བཙུན་རྒྱ་ཐར་ལགས་ཀྱིས། ཐེངས་དང་པོའི་འཆད་རྩོད་ཆེན་མོའི་སྐབས་ཀྱི་སྒྲིག་གཞི་དང་འགྲིག་ལམ་དྲིལ་སྒྲོག་བྱས་ཤིང༌། འདས་པའི་ལོ་རྒྱུས་གནད་བསྡུས་དང་ད་ལྟའི་གནས་བབས། མ་འོངས་པའི་དམིགས་རྒྱང་བཅས་གསུང་བཤད་གལ་ཆེན་གནང༌།6
 ཚེས30ཉིན། ཆུ་ཚོད་9:00-11:00བར། གྲྭ་ཚང་རྣམས་གླིང་ཚན་བཞི་རུ་བྱས་ནས་རྩོད་རར་འཚོགས་ཤིང་རྩོད་པ་བྱས། ཚོགས་པའི་རྒྱུན་ལས་རྣམས་ཀྱིས་གཟིགས་ཞིབ་མཛད། ཆུ་ཚོད9:40སྟེང་ཚོགས་པའི་རྒྱུན་ལས་རྣམས་རིན་སྤུངས་དགོན་པར་ཕེབས་ནས་ལྷ་ཁང་རྟེན་གསུམ་རྣམས་ལ་རབ་གནས་དང་གཟིགས་ཞིབ་མཛད་ཅིང་དྲན་རྟེན་མཉམ་པར་བསྒྲོན། ཆུ་ཚོད10:50སྟེང་ཚོགས་པའི་རྒྱུན་ལས་རྣམས་སྐྱང་ཚང་དགོན་པར་ཕེབས། ལྷ་ཁང་རྟེན་གསུམ་རྣམས་ལ་རབ་གནས་མཛད། ཆུ་ཚོད12:18ནས་ཚོགས་པའི་བླ་སྤྲུལ་རྣམས་ཀྱིས་དགའ་མལ་དགོན་ཆེན་ནས། རིན་སྤུངས་དགོན་གྱི་ལྷ་སྡེའི་མང་ཚོགས་རྣམས་ལ་མཇལ་ཁ་གནང༌།7 ཆུ་ཚོད་14:00སྟེང༌། དགའ་མལ་དགོན་ཆེན་གྱིས་གདན་འདྲེན་ཞུས་པ་སྣང་ཞིག་དགོན་པའི་དགེ་བཤེན་ཆེན་མོ་ནམ་མཁའ་ཚུལ་ཁྲིམས་རིན་པོ་ཆེས་འདུས་པ་སེར་སྐྱ་སྟོང་ཕྲག་འགར། མདོ་ཕྱོགས་གཙོ་བོར་བྱས་ནས་དཀའ་གནད་གསུང་བཤད་དང་ཡིག་ཐོག་གི་དྲི་བར་གསུང་ལན་གནང་བ། ཁྱིམ་པ་ཕོ་མོ་ལ་བསྙེན་སྨྱུང་གི་རྣམ་བཞག་དང་འབྲེལ་ནས་སྐྱབས་འགྲོ་དང་སྐྱབས་འགྲོའི་བསླབ་བྱ་སོགས་གསུང་བཤད་རིན་ཐང་བྲལ་བ་གནང༌། ཆུ་ཚོད16:08སྟེང༌། གླིང་ཚན་གཉིས་ཀྱི་རྩོད་རར་འཚོགས། ཆུ་ཚོད19:30–22:30བར། གྲྭ་མང་དམིགས་བསལ་དམ་བཅའ་དང་དམིགས་བསལ་བགྲོ་གླེང་ལ་འཚོགས།
8
ཚེས་31ཉིནགྱི་ཆུ་ཚོད9:00སྟེང༌། གྲྭ་མང་ཚན་ཁག་བཞིར་བྱས་ཏེ་འཆད་རར་འཚོགས་པ་དང་དེ་ནས་རང་མོས་རྩོད་རར་འཚོགས། ཆུ་ཚོད་9:08སྟེང༌། ཚོགས་པའི་རྒྱུན་ལས་རྣམས་ཀྱིས་དགའ་མལ་དགོན་པའི་ལྷ་ཁང་རྟེན་མཇལ་དང་རབ་གནས་མཛད་པ་དང་དྲན་རྟེན་དྲན་རྟེན་འདྲ་པར་བསྒྲོན། ཆུ་ཚོད་10:30སྟེང༌། རྒྱུན་ལས་རྣམས་ལྕགས་མདུད་དགོན་པར་ཕེབས་ཏེ་རྟེན་མཇལ་རབ་གནས་མཛད། ཆུ་ཚོད་12:30སྟེང༌། བླ་སྤྲུལ་རྣམ་པས་སྐྱང་ཚང་དགོན་པའི་ལྷ་སྡེའི་མང་ཚོགས་ལ་མཇལ་ཁ་གནང༌།9
ཆུ་ཚོད་16:00སྟེང༌། གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པའི་ཚོགས་འགོ་བརྩམས། ཚོགས་གཙོ་སྣང་ཞིག་སྐྱབས་མགོན་རིན་པོ་ཆེས་ཚོགས་པའི་སྒྲིག་གཞི་སོགས་ཀྱི་ཐད་ནས་གསུང་བཤད་གལ་ཆེན་གནང༌། ཆུ་ཚོད་16:00–18:00བར་ལ་གླིང་ཚན་གཉིས་ཀྱི་རྩོད་རར་འཚོགས་པ། ཆུ་ཚོད་19:30–22:30བར་ལ་དམིགས་བསལ་དམ་བཅའ་དང་དམིགས་བསལ་བགྲོ་གླེང་བྱས།10 11

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།