རིན་ཐང་བྲལ་བའི་ཤུལ་བཞག

རིན་ཐང་བྲལ་བའི་ཤུལ་བཞག
བསོད་ནམས་གཡུང་དྲུང་།

མདོ་གཟེར་མིག་ཚར་གཅིག་བཀླགས་རྗེས།

      དང་པོ་གང་ཟག་རིམ་པར་བརྒྱུད་དེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། ། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་བསོད་ནམས་ཡེ་ཤེས་ཚོགས་ཆེན་བསགས། ། ཐ་མར་ཡང་དག་རྫོགས་སངས་རྒྱས་ནས་གང་འདུལ་མཛད་པ་བསམ་འདས་ཀྱིས། ། སྲིད་གསུམ་འགྲོ་བ་བདེ་ལ་འགོད་མཛད་བརྒྱ་པའི་སྟོན་པ་གཤེན་རབ་མཆོག ། གང་གི་ཐུགས་ཉིད་ཡེ་ཤེས་བརྒྱད་ཁྲི་བཞི་སྟོང་མེ་ཞལ་ལམ་ཡངས་ནས། ། གདུལ་བྱའི་ཁམས་མཐུན་བོན་སྒོ་བརྒྱད་ཁྲི་བཞི་སྟོང་ཆར་བའི་རྒྱུན་བཟང་སྙིལ། ། བར་སྐབས་རྒྱལ་བློན་གདུག་པ་ཅན་རིང་གཏེར་གྱི་ཆུ་འཛིན་ལ་ཡིབ་པ། ། འགའ་ཞིག་དྲང་རྗེ་བཙུན་པས་བཏོན་ནས་ཕྱི་རབས་གཤེན་གྱི་སྐལ་བར་བསྲིངས། ། རྣམ་སད་གོང་མའི་རིན་ཐང་བྲལ་བའི་ནོར་བུ་འདི་ནི་འོ་སྐོལ་གྱི། ། རྣམ་མཁྱེན་སྟོན་པའི་མཛད་འཕྲིན་གསལ་བའི་མེ་ལོང་དྲི་མས་ཡོངས་སུ་བཏངས། ། ཆོས་བརྒྱད་སྲིན་མོས་སྙིང་ཁམས་དཀྲུགས་རྣམས་འདི་ལ་གཞོལ་བར་མི་ནུས་ཏེ། ། ཐོས་བརྩོན་འཕུར་ལྡིང་མཁའ་ལ་རྩེན་པའི་རྐང་དྲུག་ངང་གིས་རོལ་ལ་ལྟོས། ། རྣམ་དཔྱོད་འགྲོས་བཟང་རྟ་ཕོའི་བང་ཁ་རྣམ་གཡེང་སྒྲོག་གིས་མ་བཅིངས་པར། ། རྣམ་དག་བསམ་པ་འགྱུར་མེད་སྟོབས་ཀྱིས་རྣམ་མང་གསུང་རབ་བཀླགས་པའི་དགེས། ། ཚེ་རབས་ཀུན་ཏུ་དལ་འབྱོར་རྙེད་ནས་བླ་མའི་ཞལ་མཇལ་གསུང་བཞིན་དུ། ། ཐེག་ཆེན་བོན་ལ་ཚུལ་བཞིན་སྤྱོད་ནས་བསྟན་འགྲོའི་དཔལ་མགོན་ཉིད་གྱུར་ཅིག །

གནམ་ལོ་ལྕགས་ཕོ་འབྲུག་ལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།