དཔལ་རྒྱལ་དབང་ཀརྨ་པ་མཆོག་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཞབས་སོར་བཀོད་པ།

སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་༧གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཞབས་སོར་བཀོད་པ།
ཡོང་ཁུངས། གཡུང་དྲུང་བོན་དྲ་ཚིགས།
1 2  དེ་ཡང་གཤེན་གྱི་འབྱུང་ལྡན་༣༠༡བོད་ཆུ་སྦྲུལ་ལོའི་ཟླ་བདུན་པའི་ཚེས་ཉེར་དགུ་སྟེ། ཕྱི་ལོ་༢༠༡༣ཟླ་༩་ཚེས་༤་རེས་གཟའ་ལྷག་པའི་ཉིན་༧སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧དཔལ་རྒྱལ་དབང་ཀརྨ་པ་སྐུ་ཡི་ཕྲེང་བ་བཅུ་བདུན་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་༧གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཞབས་སོར་བཀོད་གནང་བའི་གནས་བསྡུས།

     དེ་ཡང་ཕྱི་ཟླ་༩ཚེས་༡ཉིན་༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་གི་གཉེར་པ་འཕྲིན་ལས་རྒྱ་མཚོ་ཁུ་ནུ་ལ་ཕེབས་བསུར་བཅར་དོན་བཞིན་ཟླ་༩་ཚེས་༤ཉིན་གྱི་སྔ་དྲོར་ས་གནས་ཨོ་ཆི་གྷར་Ochghatནས་བོན་གཞིས་ས་གནས་འཐུས་མི་ལྷན་ཚོགས་དང་། བོན་གཞིས་ས་གནས་འགོ་འཛིན། ༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནས་དྲུང་ཆེ་དང་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ། སྨན་རིའི་གྲྭ་ཚང་གཉེར་པ་བཅས་ནས་ཕེབས་བསུ་ཞུས་ཤིང་བོན་གཞིས་ཐོབ་རྒྱལ་གསར་པའི་རྒྱལ་སྒོའི་མཚམས་ནས་བོན་གཞིས་མི་མང་དང་ས་གནས་ཉིན་སློབ་ཀྱི་སློབ་ཕྲུག་བཅས་ཀྱིས་ལྷ་བསང་གི་དུད་སྤྲིན་དང་རོལ་དབྱངས་བཅས་ཕེབས་བསུ་ཞུས།3 4  ཕྱག་ཚོད་བཅུ་གཉིས་དང་ཕྱེད་ཀ་ཙམ་གྱི་ཐོག་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཕེབས་སྒོའི་མདུན་ཐང་ནས་སེམས་དཔའ་འདུས་མང་ཡོངས་ཀྱིས་སེར་ཕྲེང་དང་བཅས་ཏེ་ཚོགས་ཆེན་འདུ་ཁང་གི་སྒོ་འཁྱམས་སུ་གདན་ཞུས་ཀྱིས་༧གཡུང་དྲུང་བོན་གྱི་བླ་ཆེན་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་དང་མཇལ་ཕྲད་གནང་ཞིང་། འདུས་མང་ཡོངས་ནས་ཆེ་བསྟོད་ཀྱི་གཤེན་རབ་མཆོད་རྔའི་མཆོད་འབུལ་གྲུབ་རྗེས་འདུ་ཁང་ནང་དུ་གཅན་ལྔ་རིན་ཆེན་ཁྲི་ལ་མངའ་གསོལ་མཛད་ཅིང་གྲྭ་མང་རྣམས་ཀྱིས་ཁྲི་གསོལ་ཚིག་བཤད་གྱེར་འདོན་དང་འབྲེལ་༧སྨན་རིའི་བཤད་སྒྲུབ་མཁན་རིན་པོ་ཆེ་དགེ་བཤེས་ཉི་མ་དོན་འགྲུབ་དང་༧བཤད་སྒྲུབ་སློབ་དཔོན་རིན་པོ་ཆེ་དགེ་བཤེས་དགེ་ལེགས་རྒྱ་མཚོ་རྣམ་གཉིས་ནས་མཎྚལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས།6  དེ་རྗེས་༧རྒྱལ་བ་སྨན་རིའི་བླ་བྲང་དུ་གདན་ཞུས་ཀྱིས་༧རྒྱལ་བ་སྨན་རི་བ་མཆོག་དང་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་དང་ཁོང་གི་ལྕམ་སྲིང་རྗེ་བཙུན་མ་དངོས་གྲུབ་དཔལ་འཛོམས་ལགས་དང་། བཤད་སྒྲུབ་མཁན་སློབ་རྣམ་གཉིས། བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་རིན་པོ་ཆེ་བཅས་ལྷན་བཞུགས་ཀྱིས་ལྗགས་སྨིན་གནང་ཞིང་དགྱེས་བརྩེའི་བཀའ་མོལ་མཛད།7 8

ཉིན་གུང་ཕྱག་ཚོད་གཉིས་པ་ཙམ་གྱི་ཐོག་སྨན་རིའི་གཙུག་ལག་ཁང་མདུན་དུ་གདན་ཞུས་ཀྱིས་ཕེབས་བསུའི་མཛད་སྒོ་ལ་ཐོག་མར་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་རིན་པོ་ཆེ་ལགས་ནས་ཕེབས་བསུའི་བཀྲ་ཤིས་བདེ་ལེགས་དང་འབྲེལ་༧དཔལ་རྒྱལ་དབང་ཀརྨ་པའི་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་དང་འབྲེལ་བའི་གཏམ་བཤད་གནད་སྨིན་གནང་ཞིང་། དེ་རྗེས་སྒྲུབ་བརྒྱུད་བསྟན་པའི་བདག་ཉིད་ཆེན་པོ་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་བོན་གཞིས་སེར་སྐྱ་མང་ཚོགས་ཡོངས་ལ་བཀའ་སློབ་ཟབ་རྒྱས་གནང་།
དེ་ཡང་ཁོང་གི་བཀའ་སློབ་ཀྱི་ནང་དོན་གནད་བསྡུས་“ད་ལན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་འདིར་ཕྲན་དངོས་སུ་བཅར་ཐུབ་པ་འདིར་ཧ་ཅང་གིས་སྐལ་པ་བཟང་པོ་བྱུང་། སྔར་ནས་༧རྒྱལ་དབང་ཀརྨ་པའི་སྐུ་ཕྲེང་རིམ་བྱོན་དང་གཡུང་དྲུང་བོན་གྱི་བསྟན་པ་འཛིན་པ་དཔལ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིམ་བྱོན་རྣམས་ཕན་ཚུན་ལས་སྨོན་དང་འབྲེལ་འདྲིས་ཟབ་ཅིང་། ཕྲན་ནས་ཀྱང་གཤེན་བསྟན་ལ་དགའ་གུས་ཆེན་པོ་ཡོད་ཅིང་། བསྟན་པ་དར་རྒྱས་ཀྱི་སྨོན་འདུན་རྩེ་གཅིག་ཏུ་ཞུ་བཞིན་ཡོད་”ཅེས་གསུངས་ཤིང་མཐར་ཡང་ཁོང་གིས་“ང་རང་ཚོ་དེ་རིང་འདིར་བཅར་བྱས།  མཇལ་ཐུབ་པ་དེ་ང་རང་གི་ཡིན་ན་ཡང་དམིགས་བསལ་གྱི་དོན་ཆེན་པོ་ཞིག་འགྲུབ་སོང་སྙམ་པ་ཞིག་དང་། སོ་སོ་མི་ཚེའི་ནང་གི་ད་གང་ཅིའི་དོན་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་གི་ཡིན། མ་འོངས་པར་ཡིན་ན་ཡང་གཡུང་དྲུང་བོན་གྱི་གདན་ས་འདིར་མཇལ་ཐུབ་པའི་རེ་བ་དང་སྨོན་ལམ་ཞུ་གི་ཡིན།”ཞེས་གསུངས་ནས་བཀའ་སློབ་ཀྱི་མཇུག་གྲུབ་པར་བྱས།
      མཇུག་མཐར་སྨན་རིའི་བཤད་སྒྲུབ་མཁན་རིན་པོ་ཆེ་ལགས་ནས་ཐུགས་རྗེ་ལེགས་གསོལ་གྱི་གཏམ་བཤད་གནང་ཞིང་མཛད་སྒོ་མཇུག་གྲུབ་པར་བྱས་ཏེ་༧གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དང་བོན་གཞིས་གསང་སྔགས་སྒོམ་སྒྲུབ་གླིང་བཅས་ལ་གཟིགས་སྐོར་གནང་།
ཕྱི་དྲོའི་ཕྱག་ཚོད་གསུམ་དང་ཕྱེད་ཀ་ཙམ་གྱི་སྟེང་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་གཙོས་བོན་གཞིས་སེར་སྐྱ་མང་ཚོགས་ཡོངས་ནས་ཕེབས་སྐྱེལ་ཞུས་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ་གཡུང་དྲུང་བོན་དྲ་བའི་གཙོ་སྒྲུབ་པ་ཁྲི་གཡུང་དྲུང་དུ་འབོད་པས་བགྱིས་པ་དགེ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།