རྣམ་པར་རྒྱལ་བའི་ཟངས་སྐུ་ཆེན་མོའི་རབ་གནས་མཛད་སྒོ།

རྣམ་པར་རྒྱལ་བའི་ཟངས་སྐུ་ཆེན་མོའི་རབ་གནས་མཛད་སྒོ།
རྩོམ་པ་པོ། ཁྱུང་བཟང་། ཁྱུང་ཟླ།
1

2

དེ་རིང་སྔ་དྲོའི་ཆུ་ཚོད་དགུ་བ་ནས་བཟུང་སྟེ་ཆོས་རྗེ་བོན་བརྒྱ་སྐུ་ཕྲེང་རིམ་བྱོན་གྱི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གདན་ས་ཁྱད་པར་ཅན་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་ཤར་ཕྱོགས་མངོན་པར་དགའ་བའི་ས་འཛིན་གྱི་སྤོར་རྒྱུ་གསེར་ཟངས་ལས་གྲུབ་པའི ༧ རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྐུ་བརྙན་ཁྲི་ཚད་ལྔ་བཅུ་ཅན་གྱི་རྟེན་མཆོག་འདི་ཉིད་བཞེངས་བསྐྲུན་ལེགས་གྲུབ་བྱུང་བའི་རབ་གནས་མཛད་སྒོ་སྤེལ།
    དེ་ཡང་དཔལ་སྐྱང་སྟོན་རྒྱལ་བའི་དབང་པོ་མཆོག་སྤྲུལ་ཚུལ་ཁྲིམས་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་མཆོག་གིས། སྤྱིར་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ས་ཆུ་མེ་རླུང་གི་འབྱུང་གཞིའི་འཇིགས་པ་དང་བྲལ་ཞིང་། ནད་ཡམས་འཁྲུག་རྩོད་ཀྱི་བསྐལ་ངན་ཡོངས་སུ་ཞི་ནས་འཚེ་མེད་ཞི་བདེའི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པ་དང་། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡུན་རིང་དུ་གནས་པ། སྒོས་སུ་སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེ་གཙོ་བྱས་པའི་རང་དགོན་གྱི་བླ་གྲྭ་ཡོངས་དང་དད་ལྡན་ལྷ་སྡེ་ཀུན་གྱི་མི་མཐུན་པའི་འགལ་རྐྱེན་མ་ལུས་ཞི་ཞིང་ཚེ་བསོད་ལོངས་སྤྱོད་རྒྱས་པའི་རྟེན་འབྲེལ་དུ་དམིགས་ནས། རྒྱ་ཡུལ་གྱི་ཁོང་གི་དད་ལྡན་སློབ་བུ་འགས་སྦྱིན་བདག་མཛད་དེ། སྤྱི་ལོ2013ལོའི་ཟླ2པའི་ཚེས11ཉིན་ནས་བཞེངས་མགོ་བརྩམས་ཤིང་། ཟླ9བའི་ཚེས1ཉིན་གྱི་ཞོགས་པའི་ཆུ་ཚོད9བའི་སྟེང་། ཁྲི་ཚད་སོ་གཉིས་ཅན་གྱི་སྲོག་ཤིང་དང་རྟེན་རྫས་རྣམས ༧ དཔལ་སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་གཙོ་བྱས་པའི་རང་དགོན་གྱི་བླ་གྲྭ་ཡོངས་ཀྱིས་གདན་འདྲེན་ལེགས་པར་ཞུས་ཤིང་། དེ་དང་ཆབས་ཅིག་རྒྱལ་བའི་བཀའ་རིན་པོ་ཆེ་ཚར་བརྒྱ་དང་ལྔ་བཅུ། མདོ་གཡུང་དྲུང་ཀློང་རྒྱས་ཚར་བརྒྱ་དང་བཅུ་གསུམ། ནོར་བུ་འོད་འབར་ཚར་ཉིས་བརྒྱ་དང་བཅུ་དྲུག རྣམ་རྒྱལ་གཟུངས་ཆེན་དང་བསྐལ་བཟང་སོགས་ཁྱོན་བསྡོམས་གླེགས་བམ་སུམ་ཁྲི་ཆིག་སྟོང་ལྷག ཡིག་བརྒྱ་ཚར་དུང་ཕྱུར་གཅིག་དང་བྱེ་བ་བཞི་བཅས་དང་། སྲོག་ཤིང་སྟེང་དུ་མཁན་ཆེན་ཉི་མ་རིན་པོ་ཆེ་དང་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱི་དགོངས་པ་ལྟར་དུ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ཡི་གནས་ཡིག་དང་། མ་ཧཱ་པཎྚ་ཏ་ཆེན་མོ་སྦ་སར་པཎྚི་ཏ་ཀུན་བཟང་བསྟན་པའི་རྒྱལ་མཚན་རིན་པོ་ཆེ་དང་། ཁོང་གི་ཐུགས་སྲས་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་རྣམ་གཉིས་ཀྱི་ཐུགས་བཀོད་ལྟར་དུ་ཞི་རྒྱས་དབང་དྲག་གི་གཟུངས་སྔགས་རྣམས་བཀོད་པ་དང་། གཟུངས་གཞུག་ཆེན་མོ་རྒྱས་འབྲིང་བསྡུས་གསུམ་ཚར་བཅུ་གསུམ་རེ་དང་། རྟེན་རྫས་སྐོར་ལ་རྒྱལ་བ་གཤེན་རབ་མི་བོ་ཆེའི་སྐུ་གདུང་རིང་བསྲེལ་བྱིན་ཅན་དང་དགོངས་མཛོད་རི་ཁྲོད་པ་ཆེན་པོའི་རིང་བསྲེལ་བྱིན་ཅན། དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེས་བསྩལ་གནང་བའི་བླ་མ་ཡང་སྟོན་ཆེན་པོ་ཤེས་རབ་རྒྱལ་མཚན་གྱི་རིང་བསྲེལ་བྱིན་ཅན། རྒྱལ་བ་སྨན་རི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེས་བསྩལ་གནང་བའི་རྗེ་མཉམ་མེད་ཆེན་པོའི་ཕྱག་ཕྲེང་དང་སྨན་རི་མཁན་པོ་རིམ་བྱོན་གྱིས་བསྒྲུབས་པའི་དམ་རྫས་རིལ་བུ་བྱིན་ཅན། སྣང་ཞིག་རྒྱ་འོབས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེས་གནང་བའི་གངས་ཏི་སེ་ནས་ཐོན་པའི་རིང་བསྲེལ་བྱིན་ཅན་དང་དུ་ཏྲི་སུ་ཡི་རིལ་བུ་བྱིན་ཅན། ཡབ་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེ་མཆོག་གིས་བསྩལ་གནང་བའི་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་བསྒྲུབས་པའི་དམ་རྫས་རིལ་བུ་གཙོ་བྱས་པའི་རྟེན་སྣ་ཉིས་བརྒྱ་ལྷག་སྲོག་ཤིང་གི་གནས་ལྔར་བཀོད་ཅིང་། པད་འདབ་ནང་དུ་མཁན་ཆེན་ཉི་མའི་གཟུངས་སྤུངས་ལྟར་དུ་འབྲུ་རིགས་རྒྱ་མ་ཉིས་ཁྲི་ལྷག་གིས་གྲུབ་པའི་གཏེར་བུམ་སྟོང་ཕྲག་གཉིས་ལྷག་ཙམ་དང་། གཞན་ཡང་སྨན་སྣ་དང་རིན་པོ་ཆེ་སོགས་ཀྱི་རྟེན་སྣ་བྱིན་ཅན་མང་པོའི་གཟུངས་གཞུག་རྒྱས་འབུལ་ཞུས།
     སྤྱི་ལོ2013ལོའི་ཟླ9བའི་ཚེས20ཉིན་ཏེ་བཀྲ་ཤིས་དགེ་མཚན་མངོན་པར་རྫོགས་པའི་དེ་རིང་གི་ཉིན་མོ་འདིར་རྣམ་པར་རྒྱལ་བའི་ཟངས་སྐུ་ཆེན་མོ་འདི་ཉིད་བཞེངས་བསྐྲུན་ལེགས་པར་གྲུབ་སྟེ། བདག་ཅག་གི་བཀའ་དྲིན་སུམ་ལྡན་གྱི་བླ་མ་རིན་པོ་ཆེ་མཁས་གྲུབ་གཉིས་ལྡན་གྱི་འདྲེན་པ་ཆེན་པོ ༧ བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གཙོ་བྱས་པའི་རང་དགོན་གྱི་བླ་སྤྲུལ་མཁན་པོ་འདུས་གྲྭ་བརྒྱ་ཕྲག་ལྷག་གིས་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་སྨོན་ལམ་དང་། འགྲོ་བ་སེམས་ཅན་ཐམས་ཅད་འཚེ་མེད་ཞི་བའི་ངང་ནས་ཐར་བ་བདེ་ཆེན་གྱི་ཞིང་དུ་བགྲོད་པའི་ཐུགས་བསྐྱེད་སྨོན་ལམ་མཛད། རེབ་གོང་བོན་མང་གོས་དཀར་ལྕང་ལོ་ལྡན་པའི་སྔགས་འཆང་གི་སྡེ་བརྒྱ་ཕྲག་ལྷག་དང་རྒྱ་ཡུལ་ནས་ཕེབས་པའི་དགོན་བདག་ཧྲི་ཇོ་ཞེན(释觉醒)དང་དགོན་བདག་ཧྲི་ཇེན་རན(释净然)། དགོན་བདག་ཧྲི་ཁོང(释空)རྣམ་གསུམ་གཙོ་བྱས་པའི་རྒྱ་ནག་གི་བཙུན་པ་བདུན་ཕྲག་གཅིག རྒྱ་ཡི་དགེ་བསྙེན་བཞི་བཅུ་ལྷག་ཙམ་ཕེབས་ནས་བཀྲ་ཤིས་རབ་གནས་རྒྱས་པར་མཛད། གཞན་ཡང་མཚོ་སྔོན་དང་ཀན་སུའུ། སི་ཁྲོན། ལེའོ་ཉིན། ཅིས་ལེན། ཀོས་ཀྲིག ཧྲན་ཞིས་བཅས་ཞིང་ཆེན་བདུན་དང་། པེ་ཅིན་སོགས་གྲོང་ཁྱེར་ཁག་ནས་ཕེབས་པའི་བོད་རྒྱ་སྐུ་མགྲོན་སུམ་བརྒྱ་ལྷག་འདུ་འཛོམས་བྱུང་སྟེ་བཀྲ་ཤིས་དགའ་སྟོན་གྱི་རྟེན་འབྲེལ་ལེགས་པར་ཞུས།
       མཐར་མཆོག་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་ནས་རང་དགོན་གྱི་བླ་གྲྭ་ཡོངས་ལ་གོས་ངུར་སྨྲིག་གི་ན་བཟའ་སྤུས་ལེགས་ཆ་ཚང་རེའི་འགྱེད་གཏོང་དང་གུང་ཚིགས་རྒྱས་སྤྲོས་ཀྱིས་མཛད་སྒོའི་དུས་སྟོན་བདེ་ལེགས་ངང་ཡོངས་སུ་མཇུག་རྫོགས་པར་བྱས་སོ།།3 4
༧ ཡབ་རྗེ་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེས་ཟངས་སྐུ་ཆེན་མོར་ཕྱག་འབུལ་བཞིན་པ།
5 6
ཟངས་སྐུ་བཞེངས་བསྐྲུན་གྱི་སྦྱིན་བདག་ཆེན་མོ༧ དཔལ་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེས་བྱིན་རླབས་ཞུ་བཞིན་པ།
7 8 9

སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་དང་ཁོང་གི་སློབ་མ་གཡུང་དྲུང་རྒྱལ་མཚན་རྣམ་གཉིས།10

དགེ་རྒན་ཆེན་མོ་ཧོང་ཡན་མེ་སོགས་རྒྱ་ནག་གི་བཙུན་པ་རྣམས་འདུ་ཁང་དུ་ཕེབས་པ།11

བླ་གྲྭ་ཡོངས་ཀྱིས་རབ་གནས་མཛད་བཞིན་པ།12

རེབ་གོང་བོན་མང་གིས་རབ་གནས་མཛད་བཞིན་པ།13

སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེས་རྒྱ་ནག་གི་བཙུན་པ་རྣམས་དང་མཉམ་དུ་སྤོས་མཆོད་འབུལ་བཞིན་པ།
14 15

རྒྱ་ནག་གི་བཙུན་པ་རྣམས་ཀྱིས་རབ་གནས་མཛད་བཞིན་པ།
16 17 18

བླ་སྔགས་རྣམས་ཟངས་སྐུ་ཆེན་མོར་མཇལ་བཞིན་པ།19 20

བོན་བརྒྱ་དགོན་པའི་བླ་གྲྭ་ལྷན་རྒྱས་བསྐོར་བར་ཕེབས་པ།21 22
བོན་མང་སྔགས་འཆང་ལྷན་རྒྱས་བསྐོར་བར་ཕེབས་པ།23 24

རེབ་གོང་བོན་མང་གིས་སྨོན་ལམ་གསུང་བཞིན་པ།25 26
ན་བཟའི་འགྱེད་གཏོང་བཞིན་པ།
27 28
དམངས་སྒོར་གྱི་འགྱེད་གཏོང་བཞིན་པ།29
སྐྱང་སྤྲུལ་རིན་པོ་ཆེས་ཐག་རིང་གི་མགྲོན་པོར་ལེགས་སྐྱེས་འབུལ་བཞིན་པ།
30

དད་ལྡན་མང་ཚོགས།
31 32
དགོན་པ་གཞུང་དང་བོན་མང་གིས་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་ཚང་ལ་ལེགས་གསོལ་འབུལ་བཞིན་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།