སྣང་ཞིག་རྒྱལ་ཚབ་རྒྱབ་འོབས་ཁྱུང་མོ་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་གི་རྣམ་ཐར་མདོར་བསྡུས།

སྣང་ཞིག་རྒྱལ་ཚབ་རྒྱབ་འོབས་ཁྱུང་མོ་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་གི་རྣམ་ཐར་མདོར་བསྡུས།
ཡོང་ཁུངས། གཡུང་དྲུང་བོན་ཚིགས།
1 2

དེ་ཡང་ཕྱི་ལོ་༢༠༡༣།ཟླ་༡༡་ཚེས་༢༢་གྱི་མཚན་མོའི་འཁོར་དུས་དགུ་པའི་ཐོག་མི་རྟག་ཚུལ་མཛད་དགོངས་པ་བོན་དབྱིངས་སུ་བསྡུས་ཡོད་གནས་ཚུལ་ཐོན་འདུག

3

དེ་ལྟར་༧བལ་ཡུལ་ཁྲི་བརྟན་ནོར་བུ་རྩེ་ནསཡང་འདུས་མང་ཡོངས་ཀྱིས་གཙུག་ལག་ཁང་དུ་བླ་མ་མཆོད་པ་རྣམ་དག་འགྱུར་མེད་གསུངས་པ་དང་སྣང་གསལ་སྒྲོན་མེ་སོགས་ཕུལ་ཏེ་ཐུགས་སྨོན་རྒྱ་ཆེར་གནང་སྟེ་མཆོད་འབུལ་རྒྱ་ཆེན་ཡོད་པ་བཅས་སོ།།

5 6
༧རྗེ་བླ་མ་རིན་པོ་ཆེ་བསླབ་གསུམ་ངུར་སྨྲིག་གི་རྣམ་རོལ་ཁོང་ཉིད། མདོ་སྨད་གཡང་གི་ར་བ་རྔ་ལྗོངས་ས་ཡི་ཐིག་ལེར་བོད་རབ་བྱུང་བཅུ་དྲུག་པའི་ས་ཕོ་འབྲུག་གི་ལོ་སྟེ་སྤྱི་རྩིས་༡༩༢༧།ལོའི་ཟླ་བ་བརྒྱད་པའི་ཚེས་གསུམ་ཉིན་རྣམ་དཀར་དགེ་ལ་འདུན་བློ་བཅོས་མིན་དུ་མངའ་བ་ཡབ་བཀྲ་ཤིས་རབ་བརྟན་དང་ཡུམ་རིགས་བཟང་ལྷ་སྨན་སྐྱིད་གཉིས་ཀྱི་སྲས་སུ་མཚན་དཔེ་ལྷུན་རྫོགས་ཀྱི་གཟུགས་སྐུའི་བཀོད་པ་འགྲོ་བ་མི་ཡི་ཚུལ་དུ་སྐུ་བལྟབས། དམ་པ་ཁོང་ཉིད་དགུང་གྲངས་བདུན་གྱི་ཐོག་མཚན་ལྡན་བཤེས་གཉེན་མང་པོའི་མདུན་ནས་བྲིས་ཀློག་དབྱངས་སོགས་ཀྱིས་མཚོན་པའི་རིག་པའི་གནས་རྣམས་སློབ་ཚུལ་མཛད། དགུང་གྲངས་བཅུ་གཅིག་ཐོག་རྒྱལ་བ་སྣང་སྟོན་ཆེན་པོའི་མདུན་ནས་སྐྱབས་འགྲོའི་སྡོམ་པ་ནས་བཟུང་འདུལ་བའི་ཆོ་ག་དང་མཐུན་པའི་སྒོ་ནས་གཙང་གཙུག་གི་སྡོམ་ཁྲིམས་བཞེས་ཏེ་མཚན་ལ་ཚུལ་ཁྲིམས་བསྟན་འཛིན་དབང་གི་རྒྱལ་པོ་ཞེས་གསོལ། དགུང་གྲངས་བཅུ་དྲུག་བཞེས་སྐབས་བཀའ་དྲིན་སུམ་ལྡན་གྱི་བླ་མ་སྣང་སྟོན་ནམ་མཁའ་བློ་གྲོས་རིན་པོ་ཆེའི་མདུན་ནས་རྒྱུད་སྡེ་སོ་སོའི་གཞུང་ལ་ཐོས་བསམ་གྱི་སྒྲོ་འདོགས་བཅད་པ་དང་། སྒོམ་སྒྲུབ་ཉམས་ལེན་གནད་དུ་ཐིངས་པ་མཛད་ཅིང་བོན་སྒོ་ཕྱི་ནང་གསང་གསུམ་གྱི་སྐོར་གསན་བཞེས་ཡང་དག་པར་གནང་། གཞན་ཡང་དཔོན་སློབ་ཚུལ་ཁྲིམས་བསྟན་འཛིན་དཔལ་བཟང་པོའི་མདུན་ནས། སྡུད་རྟགས་ཚད་གསུམ་དང་གབ་མཛོད་ས་་གསུམ་སོགས་ལ་གསན་བཞེས་རྒྱ་ཆེར་མཛད་པ་མ་ཟད་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མདོ་སྔགས་ཀྱི་གཞུང་ལུགས་ཐ་དག་ལ་མཁྱེན་དཔྱོད་རྩལ་སྦྱངས་པའི་ཚུལ་མཛད། དགུང་གྲངས་བཅོ་བརྒྱད་བཞེས་ཚེ་སྣང་ཞིག་སྐྱབས་མགོན་རྗེ་བཙུན་བསྟན་པ་རབ་རྒྱས་དཔལ་བཟང་པོ་དང་ལྷན་དུ།

     སྣང་སྟོན་ནམས་མཁའ་བློ་གྲོས་མཆོག་དང་ཡོངས་འཛིན་ཚུལ་ཁྲིམས་བློ་གསལ་སོགས་མཁན་སློབ་དཔང་པོའི་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུའི་སྡོམ་པ་མནོས་ནས་བཟུང་སྟེ་ཕྱི་ཚུལ་ནང་ཁྲིམས་མིག་འབྲས་བཞིན་དུ་བསྲུངས། དགུང་གྲངས་ཉེར་གཅིག་བཞེས་སྐབས་སྣང་ཞིག་བཀྲ་ཤིས་གཡུང་དྲུང་གླིང་གི་ཚོགས་ཆེན་ཁྲི་རིན་པོ་ཆེའི་མཚན་རྟགས་བཞེས་ནས་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་ལ་མངའ་གསོལ་མཛད། དགུང་གྲངས་ཉེར་དྲུག་བཞེས་ཚེ་དུས་གསུམ་བོན་ཐམས་ཅད་སྒྲིབ་གཡོགས་མེད་པར་གཟིགས་པའི་སྐྱབས་རྗེ་སྣང་ཞིག་བསྟན་པ་རབ་རྒྱས་ཀྱིས་བཀའ་ལྟར་སྣང་ཞིག་ཚང་གི་རྒྱལ་ཚབ་ཏུ་བསྐོས་བཞག་མཛད། དགུང་ལོ་ང་གཉིས་དང་ང་གསུམ་ཐོག་སྔོན་བྱོན་གྲུབ་ཆེན་གོང་མས་ལུང་དུ་བསྟན་པ་ལྟར་རྒྱལ་བསྟན་ཕྱི་དར་གྱི་དུས་ལ་བབ་པ་གཟིགས་ཏེ་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོ་དབུ་བརྩམས་ཏེ་ཁོང་གིས་དགོན་པ་བསྐྱར་གསོའི་ཐད་ལ་དཀའ་སྤྱད་འབད་བརྩོན་སྣ་ཚོགས་ཐུགས་འགན་བཞེས་ནས། ཐོག་མར་སྣང་ཞིག་བཀྲ་ཤིས་གཡུང་དྲུང་སྔོན་ཆད་ཞིག་རལ་དུ་སོང་བའི་གཡུང་དྲུང་བཀོད་ལེགས་མཆོད་རྟེན་ཆེན་མོ་ཉམས་པ་སླར་གསོ་གནང་བ་མ་ཟད་དགོན་པའི་པྱི་ནང་བཀོད་པ་སོགས་རྒྱ་ཆེར་མཛད་འཕྲིན་བསྐྱངས།

 

      དགུང་ལོ་ང་བཞིའི་སྐབས་ཁོང་ཉིད་སྣང་ཞིག་དགོན་པའི་ཀྲུའུ་རེན་དུ་འདེམས་བསྐོས་བྱས་དགོན་པའི་བོན་སྲིད་གཉིས་ཀྱི་ཐུགས་འགན་གཅིག་ལྕོགས་སུ་བཞེས། དགུང་གྲངས་ང་དྲུག་ཐོག་སྐྱབས་མགོན་བསྟན་པ་རབ་རྒྱས་ཀྱིས་སྣང་ཞིག་ཚང་གི་རྒྱལ་ཚབ་ཏུ་དབང་བསྐུར་བ་་བཞིན་དགོན་པའི་ཕྱི་ནང་གི་བྱ་བཞག་ཆེ་ཕྲ་ཀུན་ལ་གཟིགས་རྟོགས་གནང་སྟེ་རླབས་ཆེན་མཛད་པའི་འཕྲིན་ལས་འོག་རྒྱལ་བསྟན་རིན་པོ་ཆེ་འདི་ཉིད་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ། ལོ་དེར་པཎ་ཆེན་རིན་པོ་ཆེ་ཕེབས་སྐབས་ཁོང་གི་ཞལ་ནས་གཡུང་དྲུང་བོན་གྱི་གྲུབ་མཐའ་ནི་ནང་པ་སངས་རྒྱས་པའི་གྲུབ་མཐའ་སྔ་ཤོས་ཡིན་པས་འདི་ཉིད་དར་སྤེལ་གཏོང་རྒྱུ་ནི་ཧ་ཅང་གི་གལ་ཆེན་ཡིན་པ་དང་དེ་ནི་ཁྱེད་ཅག་ལ་རག་ལས་ཡོད་ཅེས་བཀའ་སློབ་རྒྱ་ཆེར་གནང་། དགུང་ལོ་ང་དགུའི་ཐོག་འཚོགས་ཆེན་འདུ་ཁང་ཆེན་མོ་གསར་བཞེངས་གནང་བ་དང་དགོས་མཁོའི་ཡོ་བྱད་ཚང་མ་ཐུགས་འགན་བཞེས་པའི་བཀའ་དྲིན་ཚད་མེད་གནང་།

 

     དགུང་ལོ་རེ་གཅིག་ཐོག་སྐྱབས་རྗེ་སྣང་ཞིག་བླ་རབས་སོ་དགུ་བ་སྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེ་མཆོག་གསེར་ཁྲིའི་མངའ་གསོལ་མཛད། དགུང་ལོ་རེ་གཉིས་ཐོག་ཚུལ་ཁྲིམས་སྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེ་མཆོག་གཙོས་པའི་བླ་སྤྲུལ་ཆེ་ཁག་མང་པོ་ལ་ཨ་བསྙེན་རྫོགས་གསུམ་སོགས་ཀྱི་ཁྲིད་ལུང་ཟབ་རྒྱས་སུ་གནང་། དགུང་གྲངས་རེ་དྲུག་ཐོག་གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་རབ་ལེགས་གཏཡུང་དྲུང་གླིང་གི་རྒྱལ་ཙབ་སློན་དཔོན་ཀུན་བཟང་བློ་གྲོས་རིན་པོ་ཆེ་མཆོག་དགོན་འདིར་ཕེབས་སྐབས་དབང་ལུང་མན་ངག་གི་གདམ་བཟང་བུམ་པ་གང་བྱོས་ཚུལ་དུ་ཕུར་རེ་བྱས་དང་། གཞན་ཡང་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དང་།ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གཙོས་པའི་བསྟན་འགྲོའི་གཙུག་རྒྱན་དུ་མར་དགོན་འདིར་ཕེབས་ཏེ་བསྟན་འགྲོའི་དོན་དུ་བཀའ་མོལ་གནད་དུ་ཐིངས་པ་མཛད། དགུང་གྲངས་དོན་བརྒྱད་ཐོག་རི་བོ་གྲུ་འཛིན་དང་། ཧྲང་ཧེ། ཧྭང་ཀྲིག སོགས་ལ་ཕེབས་པ་དང་། སྔ་ཕྱིར་པེ་ཅིང་གྲོང་ཁྱེར་སོགས་མི་རིགས་དང་སྐད་ཡིག་མི་གཅིག་པའི་ཡུལ་གྲུ་དུ་མ་དང་ཁྱད་པར་དུ་རྒྱལ་བ་གཤེན་གྱི་གདན་ས་ཆེན་པོ་གཙང་སྨན་རི་དགོན་དང་། རབ་ལེགས་གཡུང་དྲུང་གླིང་། དཔལ་ལྡན་མཁར་སྣ་དགོན། གཤེན་ཚང་། དཀོན་པོ་བོན་རི། བྲག་དཀར་ཤེལ་རྫོང་། མཚོ་སྔོན་པོ་སོགས་དགོན་སྡེ་དང་གནས་རི་མང་པོར་ཞབས་ཀྱིས་བསྐྱོད་དེ་མཐོང་ཐོས་དྲན་རེག་གི་གདུལ་བྱ་རྣམས་ཀྱི་རྒྱུད་ལ་ཐར་བའི་ས་བོན་བླ་ན་མེད་པར་བསྐྲུན་ཏེ་བོན་འཁོར་རྒྱ་ཆེར་བསྐོར།

 

    དེ་ལྟར་གང་ལ་གང་འདུལ་གྱི་མཛད་པའི་རོ་གར་ཅིར་ཡང་བསྒྱུར་བའི་ལྔ་ཕྲག་སྙིང་མའི་འདྲེན་སྟོན་ཆེན་པོ་གང་ཉིད་སྣང་དགོན་བསྟན་པ་ཕྱི་དར་གྱི་སྐབས་ནས་ད་ལྟའི་བར་སྐུ་གསུང་ཐུགས་གསུམ་གྱི་བསྟན་བཞེངས་ཆེ་ཆུང་། ཐོས་བསམ་སྒོམ་སྒྲུབ་ཀྱི་ཉམས་ལེན་སྲོལ་བཙུགས། དབང་ལུང་མན་ངག་གི་ཞལ་གསུང་བཀའ་དྲིན། རྒྱུ་འབྱོར་བས་གནང་སྦྱིན་གྲངས་མང་ཐུགས་མཁྱེན་སྟོབས་ཀྱིས་སྣེ་འདྲེན་དབུ་ཁྲིད་སོགས་མཛད་དེ་རྒྱལ་བ་གོང་མའི་རྒྱལ་ཚབ་དང་བླ་མ་གོང་མའི་གདུང་སོབ་ཀྱི་བཀའ་དྲིན་ཚད་མེད་བསྐྱངས་པའི་འོག དགེ་འདུན་འདུས་པའི་སྡེ་རྣམས་རང་དོན་དུ་ཐོས་བསམ་སྒོམ་གསུམ་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་ལམ་དུ་ཁྲིད་ནས་སྔ་འགྱུར་རྒྱལ་བ་གཤེན་གྱི་བཤད་སྒྲུབ་བསྟན་པའི་གདུགས་དཀར་མཐོངས་ཆེན་ནམ་མཁའི་དབྱིངས་སུ་བསྒྲེངས་ཤིང་། བོན་འབངས་ལྷ་སྡེ་མི་སྡེའི་བློ་ཁ་བོན་ལ་བསྒྱུར་ཏེ་ཆེ་བའི་ཉམས་སྦས་ཤིང་དམན་པའི་ཚུལ་བཞེས་ནས། ངོ་བོ་རྒྱལ་བ་དང་མཚུངས་ཤིང་། བཀའ་དྲིན་རྒྱལ་བ་ལས་ཀྱང་ལྷག་པའི་སྒོ་ནས་ཉིན་མཚན་ཁོར་མོ་ཡུག་ཏུ་སྐལ་ལྡན་འདུལ་བྱའི་མོས་བློ་བསྐང་དང་སྐང་བཞིན་པའི་བཀའ་དྲིན་ནི་ནམ་མཁའ་རྒྱ་མཚོས་མི་དཔོག་ཀྱང་། རྒྱུུ་སྐར་གྲངས་ཀྱིས་མི་འཚོན་པ་ནི་བཤད་ཀྱང་མ་དགོས་སོ། དམ་པ་ཁོང་གི་རྣམ་ཐར་མདོར་བསྡུས་འདི་ཉིད་ཁོང་གི་རྣམ་ཐར་རྒྱས་པ་ལས་བཏུས་ཏེ་གནས་བསྡུས་ཙམ་དུ་བཀོད་པའོ།།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།