ཞང་ཞུང་སྐོར་གྱི་འཕྲིན་གསར།

IMG_0775

རྩོམ་པ་པོ།   རིག་འབྱུང་བདེ་བྷོས་གནད་བསྡུས་བྱས།

ཕྱི་གླིང་བོད་ཀྱི་གནའ་བོའི་ལོ་རྒྱུས་རིག་པའི་མཁས་དབང་ཇོན་བན་སིན་ཐི་སྦི་ལེ་རྫ་༼John Vincent bellezza༽མཆོག་ནས་དེ་རིང་སྔ་དྲོར་ངེད་གཙུག་ལག་སློབ་གྲྭ་ཆེན་མོར་ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་སྐོར་ནས་གཏམ་བཤད་གནང་བ།ཇོན་མཆོག་ནི་མི་ལོ་སུམ་ཅུ་ལྷག་གི་རིང་བོད་སྟོད་མངའ་རིས་ཕྱོགས་སུ་དངོས་བསྐྱོད་ཀྱིས་ཞིབ་འཇུག་གནང་མཁན་ཞིག་ཡིན་ལ།ཁོང་ནི་གནའ་ཤུལ་བསྔོགས་འདོན་ནམ་ས་དཔྱད་རིག་པ་སྨྲ་བ་ཞིག་ཡིན་པའི་ཆ་ནས་ཁོང་གིས་བོད་ཀྱི་གནའ་བོའི་ལོ་རྒྱུས་རིག་པར་སྔ་ན་མེད་པའི་ཞིབ་འཇུག་གི་གྲུབ་འབྲས་གསར་བ་བླངས་ཡོད།ཁོང་གིས་གནའ་བོའི་ཞང་ཞུང་གི་ས་ཁུལ་དུ་བསྐྱོད་ནས་གནའ་ཤུལ་གྱི་དངོས་ཆོས་མང་པོ་འཚོལ་བསྡུ་བྱས་ཏེ་བོད་ཀྱི་གནའ་བོའི་ཞང་ཞུང་གི་ལོ་རྒྱུས་རིག་གནས་ལ་འགྲེལ་བཤད་གསལ་ཁ་དོད་པོ་མང་དུ་མཛད་ཡོད་འདུག ཁོང་གིས་གསུངས་རྒྱུར་ད་ལྟའི་ཁོང་གི་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་གྲུབ་དོན་ལྟར་ན་བོད་དུ་འགྲོ་བ་མི་བྱུང་ནས་ཆེས་ཉུང་མཐར་ཡང་མི་ལོ་ཁྲི་གསུམ་ལྷག་སོང་འདུག་ལ།བོད་ཞང་ཞུང་གི་གདོད་མའི་བྲག་བརྐོས་རི་མོ་དང་རྡོ་ཁང་སོགས་ཀྱི་བཟོ་དབྱིབས་དང་ཆེ་ཆུང་།དེ་དག་གི་རང་བཞིན་སོགས་ལས་ང་ཚོས་བོད་ཀྱི་ཞང་ཞུང་དུས་སྐབས་ནི་རིག་གནས་ཕུན་སུམ་ཚོགས་པའི་དུས་སྐབས་ཤིག་ཡིན་པ་མ་ཟད། བོད་འདི་བཞིན་རྒྱ་དཀར་ནག་དང་ཡོ་རོབ་དང་ཨེ་ཤ་ཡའི་དཀྱིལ་སྙིང་ལ་གཞི་ཆགས་པའི་རྐྱེན་གྱིས་ཞང་བོད་གནའ་བོའི་རིག་གནས་ཀྱི་འདྲ་མཚུངས་ད་ལྟའི་ཨེ་ཅིབ་སོགས་དང་ཡོངས་སུ་ཕྱོགས་མཚུངས་པ་ནི་ཆོས་ཉིད་ཅིག་ཡིན་པ་དང་།གནའ་བོའི་ཞང་ཞུང་ས་ཁུལ་གྱི་མཁར་རྫོང་དང་གསས་མཁར་སོགས་རི་རྩེ་དང་བྲག་སྐེད་ལ་བརྩིགས་པ་ཡང་རྒྱུ་མཚན་གཅིག་ནི་གདོད་མའི་གནའ་མི་དག་ལྷ་ཡུལ་ལ་དགའ་བའི་རྒྱུ་མཚན་གྱིས་རེད་ཟེར།གོང་དུ་བཤད་པའི་བྲག་བརྐོས་རི་མོ་དག་ལ་མི་ལོ་སུམ་སྟོང་གི་ལོ་རྒྱུས་ཡོད་པར་བཞེད།དེ་བཞིན་ཁོང་གིས་གནའ་བོའི་ཞང་ཞུང་གི་བྲག་ཕུག་དག་ལ་དཔྱད་ན་བྲག་ཕུག་གཅིག་ལ་མི་གྲངས་སྟོང་ཚོ་ལྷག་སྡོད་ཀྱི་ཡོད་པ་དང་དེ་ལྟ་བུའི་བྲག་ཕུག་བརྒྱ་ཕྲག་མང་པོའི་ཤུལ་ད་ལྟ་དངོས་སུ་མཐོང་རྒྱུ་ཡོད་པས་གནའ་བོའི་དུས་སྐབས་སུ་ཞང་ཞུང་ལ་མི་གྲངས་ཧ་ཅང་མང་བར་དཔགས་ཐུབ་ཟེར།དེ་བཞིན་བྲག་བརྐོས་རི་མོ་ལ་གཞིགས་ན་གནའ་བོའི་བོན་གཤེན་དག་གི་ཕྱག་ཏུ་ཕྲེང་བ་དང་བྱ་ཡི་སྡེར་མོ་སོགས་ཐོགས་པ་ནི་ད་ལྟའི་ཨེ་ཤ་ཡ་དང་ཡོ་རོབ་ཀྱི་ལུང་པ་མང་པོར་ཡོད་པ་དང་མཚུངས་འདུག་ཟེར།གང་ལྟར་ཁོང་ནི་གནའ་ཤུལ་བརྟག་དཔྱད་རིག་པ་ལས་བོད་ཀྱི་གནའ་བོའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་ཐོག་མའི་གྲས་དང་ཁོང་གིས་ཆེས་ཐོག་མར་ཕྱེ་བའི་གནའ་ཤུལ་ཞིབ་འཇུག་གི་སྒོ་མོ་འདི་བརྒྱུད་ནས་མ་འོངས་པར་བོད་ཀྱི་ལོ་རྒྱུས་རིག་པ་ཞིབ་འཇུག་གི་ཁ་ཕྱོགས་ཡག་རུ་འགྲོ་རྒྱུ་ནི་སུ་ལ་ཡང་ཐེ་ཚོམ་མི་དགོས་པ་ཞིག་ཏུ་མཐོང་ངོ་།གཞན་ཡང་ཆེས་ཤིན་ཏུ་གལ་ཆེ་བའི་དོན་བྱ་གཅིག་ནི་ཁོང་གིས་བརྩམས་གནང་བའི་གནའ་རབས་ཞང་བོད་ཀྱི་ལོ་རྒྱུས་དེབ་ཐེར་༼སྟོད་སྨད༽ཤོག་ངོས་ཆིག་སྟོང་བཞི་རྒྱའི་བདག་ཉིད་ཅན་ནི་ངེད་གཙུག་ལག་སློབ་ཆེན་གྱི་པར་སྐྲུན་ཚན་པས་པར་བསྐྲུན་ལ་མངོན་དུ་ཕྱོགས་བཞིན་ཡོད་པ་དང་དེབ་ཐེར་འདིའི་ནང་དུ་ཁོང་གིས་ཞང་བོད་གནའ་རབས་ཀྱི་པར་རིས་ལྔ་བརྒྱ་ལྷག་བེད་སྤྱོད་ཀྱིས་ངོ་སྤྲོད་མཛད་ཡོད་འདུག དེ་ཡང་ཇོན་ལགས་ཀྱི་གཏམ་བཤད་འདི་དང་འབྲེལ་བའི་པར་རིས་དག་གསལ་བཤད་དང་འབྲེལ་གཤམ་ལ་རིམ་པ་བཞིན་བཀོད་ཡོད་ལགས་ན་དེ་དོན་གཟིགས་གནང་ཡོང་བ་ཞུ་ཞུ།།

ཞང་བོད་ཤེས་རིག་འཕྲིན་ལམ་ནས་བཏུས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།