སློབ་དཔོན་རིན་པོ་ཆེ་བསྐལ་བཟང་དར་རྒྱས་ཀྱི་གསུང་འབུམ་པར་དུ་སྐྲུན་པ།

སློབ་དཔོན་རིན་པོ་ཆེ་བསྐལ་བཟང་དར་རྒྱས་ཀྱི་གསུང་འབུམ་པར་དུ་སྐྲུན་པ།
རིན་སྤུངས་ཚུལ་བསྟན།
1

     དེ་ཡང་འདི་སྐད་ཐོས་ཏེ། ལོངས་སྐུ་དེ་བཞིན་གཤེགས་པའི་ཐུགས་ཀ་དཔལ་གྱི་བེའུ་དྲང་ཐད་ན་བཞུགས་པའི་བཅུ་གསུམ་པ་མི་མཇེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཚངས་རྒྱུང་བྱེ་བ་ཕྲག་བརྒྱའི་ཡ་གྱལ། ལྷོ་རྒྱལ་འཛམ་བུའི་གླིང་། གངས་ཅན་བོད་ཀྱི་ཞེས་གྲགས་པའི་ལྗོངས་འདིར། བོད་རིག་པ་ཞེས་པའི་མཚན་གྱི་སྙན་པ་ཕྱོགས་ཀུན་གྲགས་ཤིང་། རྒྱལ་ཁབ་ཕྱི་ནང་གི་མཁས་དབང་དང་། ཞིབ་འཇུག་པ། ལོ་རྒྱུས་འཚོལ་སྡུད་སོགས་ཀྱིས་ཕྲ་ཞིབ་རིགས་པའི་རྩལ་གྱིས་དཔྱད་བསྡུར་སྣ་ཚོགས་བྱེད་པའི་སྲོལ་རྒྱ་ཆེར་དར་བའི་སྐབས་སུ། དང་བོ་ཐོས་བྱུང་གི་ཤེས་རབ་ཀྱིས་ལེགས་པར་གསན་ཞིང་། བར་དུ་བསམ་བྱུང་གི་ཤེས་རབ་ཀྱིས་གཏན་ལ་ཕབ་པ། ཐ་མ་དཔྱོད་པའི་ཤེས་རབ་ཀྱིས་མཐའ་རྒྱ་བཅད་ནས། རྣམ་དཔྱོད་རིགས་པའི་ལང་ཚོ་ངོམས་པའི་མཁས་དབང་གསེར་གྱི་རི་དབང་གྲངས་མང་བྱོན་པའི་ནང་ནས། གངས་ཅན་བོད་ཀྱི་ཡུལ་གྲུ་བསོད་ནམས་དགེ་བའི་ཞིང་ས།མདོ་སྨད་ས་ཡི་ཐིག་ལེ། ཤར་གྱི་གནས་ཆེན་དུང་རིའི་མདུན་ཞོལ། གཡུང་དྲུང་རིན་ཆེན་སྤུངས་པའི་བོན་གྱི་འདུས་སྡེ་ཆེན་པོ་བཀྲ་ཤིས་སྨིན་གྲོལ་གླིང་འདིར་ནས། རྨད་བྱུང་བཤད་དང་སྒྲུབ་པས་རྣམ་འདྲེན་བརྒྱད་པ་ཆེན་པོའི་བསྟན་པ་རིན་པོ་ཆེ་དང་ཐུན་མིན་བོད་གངས་ཅན་གྱི་རིག་གཞུང་རྣམས་ལ་ཉམས་བཞེས་གཞན་དྲིང་མི་འཇོག་པ་བཞེས་པ་པོ་གང་ཡིན་ཞེ་ན།དགེ་བའི་བཤེས་གཉེན་ཆེན་པོ། ལྔ་རིག་མཁས་པའི་དབང་བོ། གསུམ་ལྡན་ངུར་སྨིག་འཛིན་པའི་རྗེ་བཙུན་དམ་པ་མཚན་བརྗོད་པར་དཀའ་བ། དོན་གྱི་སླད་དུ་མཚན་ནས་སྨོས་ན། ༧ཚུལ་ཁྲིམས་བསྐལ་བཟང་དར་རྒྱས་མི་ཕམ་རྒྱ་མཚོ་དགེ་ལེགས་རྣམ་པར་རྒྱལ་བ་དཔལ་བཟང་བོ་ཞེས་མཚན་གྱི་སྙན་པ་ས་ཆེན་ཀུན་ཏུ་ཁྱབ་པ་འདི་ཉིད་ཡིན་ལ། དམ་པ་དེ་ཉིད་ཀྱིས་བོན་དང་ཆོས་ཀྱི་སྔོན་བྱོན་མཁས་པའི་དབང་བོ་རྣམས་ཀྱིས་གསུངས་པའི་བཀའ་དང་བཀའ་བརྟེན་གྱི་ཁོག་དབུབས།ད་ལྟའི་ཕྱི་ནང་གི་མཁས་པའི་མན་ངག་རྣམས་ཀྱིས་རྐང་བྱས། ངོ་མཚར་བའི་ལུང་རིགས་དྲི་མ་མེད་པས་རྒྱབ་བསྐྱོར། གོ་སླ་བའི་དཔེ་དང་།གནད་ཆེ་བའི་ཞལ་རྒྱུན་གྱིས་ཟུར་བརྒྱན་ནས། རྒྱལ་བའི་ཀའ་དང་། འཕགས་པའི་ལུང་དང་།རང་གི་རིགས་པ་ཚད་མ་བཅས་ཀྱི་ལམ་ནས་དྲངས་ནས་ལྗགས་རྩོམ་གནང་བའི་གཡུང་དྲུང་བོན་གྱི་བསྟན་འབྱུང་དང་། བརྡ་སྤྲོད། སྙན་ངག མངོན་བརྗོད།བློ་རྟགས་བསྡུས་གསུམ་དང་ཐོར་བུ་སྣ་ཚོགས་ཀྱི་སྐོར་བཅས་མང་དུ་བཞུགས་པ་འདི་ཀོ་གངས་ཅན་བོད་ཀྱི་རིག་གཞུང་གཏེར་མཛོད་ནང་གི་ཧ་ཅང་གལ་ཆེ་བའི་དཔྱད་གཞི་གཟི་འོད་རབ་ཏུ་འབར་བའི་ཡིད་བཞིན་ནོར་བུ་ལྟ་བུ་ཡིན་ཞིང་། འདི་དག་ཉེ་ཆར་དམ་པ་གང་གི་ཐུགས་སྲས་གཙོ་བོར་གྱུར་བ།དགེ་བའི་བཤེས་གཉེན་དམ་པ་པད་མ་འོད་ཟེར་མཆོག་ནས་བསྡུ་རུབ་བྱས་ནས་དཔེ་སྐྲུན་བྱས་པ་ལགས་ལ། འདི་ནི་ཕྱི་རབས་ཀྱི་བློ་ལྡན་དོན་གཉེར་ཡོད་དོ་ཅོག་ལ། སྒྲ་འཛིན་སིམ་པའི་དགའ་སྟོན་དང་འདྲེན་བྱེད་ཟུང་གི་བདུད་རྩི་རུ་སྤེལ་བ་མ་ཟད། བོད་ཀྱི་རིག་གཞུང་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཕུན་ཚོགས་དར་རྒྱས་སུ་གཏོང་བའི་ལེགས་སྐྱེས་ཡིན་ལ།ཕྱི་རབས་གསར་བུ་རྣམས་ཀྱི་བློ་གྲོས་ཀྱི་སྒོ་མོ་འབྱེད་པའི་ལྡེ་མིག་ཡང་ཡིན་ལ། བོད་ཀྱི་རིག་གཞུང་ཞིབ་འཇུག་གོང་དུ་སྤེལ་བའི་ལེགས་བཤད་སྒྲོན་མེ་ཞིག་ཀྱང་ཡིན་པ་རེད། དེས་ན་ཤེས་བྱའི་སྒོ་ཀུན་ལ་ཉེ་བར་འཇུག་པའི་འདུན་པ་ཆེས་ཆེར་ལྡན་པ་རྣམས་ལ་ཧ་ཅང་མཁོ་བ་དང་། སློབ་གཉེར་བ་དང་ཞིབ་འཇུག་པ་མཁྱེན་ལྡན་རྣམས་ཀྱི་ཞབས་འདེགས་སུ་དཔེ་སྐྲུན་བགྱིས་པ་འདི་ལ་ཀུན་གྱིས་དགྱེས་ཤིང་སྤྲོ་བས་གཟིགས་པར་ལག་སོར་སྤྱི་བོར་བཀོད་ནས་ཞུས་པ་ལགས་སོ།།

ཞེས་རྟོགས་ལྡན་ཚུལ་ཆེན་སྤྲུལ་མིང་བ་ཐེག་མཆོག་བསྟན་པའི་ཉི་མར་འབོད་པས་སྤྱི་ལོ་༢༠༠༩ལོ་ཟླ༡པའི་ཚེས་༢ཉིན་སྤོས་ངད་ལྡན་པའི་གྲོང་ཁྱེར་ནས་བྲིས་པའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།