རྒྱལ་སྤྱིའི་ཨེ་ཤ་ཡའི་སྲོལ་རྒྱུན་གསོ་རིག་འདུ་ཚོགས་ཐེངས་བདུན་པ།

2219311329

༼དམིགས་བསལ་གསར་འགྱུར།༽
༄༅། །རྒྱལ་སྤྱིའི་ཨེ་ཤ་ཡའི་སྲོལ་རྒྱུན་གསོ་རིག་འདུ་ཚོགས་ཐེངས་བདུན་པ་དེ་ ༢༠༠༩ ཟླ་ ༩ ཚེས་ ༧ ནས་ཚེས་ ༡༠ བར་འབྲུག་གི་རྒྱལ་ས་ཐིམ་ཕུའི་ཉེ་འགྲམ་སེམས་རྟོག་ཁ་རྫོང༌། འབྲུག་གི་འཛིན་སྐྱོང་མཐོ་སློབ་ཏུ་ཚོགས་ཡོད་འདུག ད་ལན་གྱི་འདུ་ཚོགས་དེའི་ཐོག་འཛམ་གླིང་གི་རྒྱལ་ཁབ་ཁག་མ་འདྲ་བ་སུམ་ཅུ་ཙམ་ནས་སྨན་པ་དང༌། གསོ་བ་རིག་པའི་ཉམས་ཞིབ་པ་སོགས་ཚོགས་ཞུགས་མི་སྣ་ ༢༡༧ མཉམ་བཞུགས་གནང་ཡོད་འདུག་ཅིང༌། འདུ་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་འབྲུག་གི་བསྟན་རྒྱས་བློན་པོ་མཁའ་འགྲོ་དབང་ཕྱུག་མཆོག་ནས་གསུང་བཤད་གནང་ཡོད་པ་དང༌། འཕྲོད་བསྟེན་བློན་པོ་མཆོག་ཀྱང་ཕེབས་གནང་ཡོད་འདུག འདུ་ཚོགས་དངོས་གཞིའི་ནང་སྨན་པ་དང་ཆེད་མཁས་མི་སྣ་ཁག་སོ་སོས་ཆེད་རྩོམ་སྒྲོག་སྦྱང་དང༌། ཉམས་མྱོང་སྤེལ་རེས་བཅས་ཞིབ་ཕྲ་བྱུང་ཡོད་པ་མ་ཟད། འདུ་ཚོགས་ཀྱི་མཇུག་བསྡོམས་མཛད་སྒོའི་སྐབས་གོ་སྒྲིག་དྲུང་ཆེ་མཆོག་ནས་ཨེ་ཤ་ཡའི་སྲོལ་རྒྱུན་གསོ་རིག་ཁག་ནས་ཀྱང་ བོད་ཀྱི་གསོ་བ་རིག་པ་འདི་ཉིད་ཤིན་ཏུ་གལ་ཆེ་ཡིན་སྐོར་དང་རྒྱལ་སྤྱིའི་ནང་ཐུགས་ཕན་ཆེན་པོ་སོས་བཞིན་ཡོད་སྐོར་གྱི་སོགས་ཀྱི་གསུང་བཤད་གནང་ཡོད་འདུག ད་ལན་གྱི་འདུ་ཚོགས་དེའི་ཐོག་བོད་ནང་ནས་གསོ་རིག་འབུམ་བཞིའི་སྨན་པ་རྒན་པ་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་མཆོག་དང༌། བོད་ལྗོངས་རྒྱ་གྲམ་དམར་པོའི་བོད་སྨན་མཐུན་ཚོགས་ཀྱི་སྨན་པ་གཅིག ལྷ་ས་དང་གཞིས་རྩེ་སྨན་རྩིས་ཁང་གཉིས་ནས་སྨན་པ་རེ་རེ། བོད་ལྗོངས་ཀྱི་ཆེད་མཁས་མི་སྣ་གཅིག མཚོ་སྔོན་ནས་བོད་རིགས་སྨན་པ་བཞི། ཡུན་ནན་ནས་བོད་རིགས་སྨན་པ་གསུམ་བཅས་ཕེབས་ཡོད་འདུག་པ་དང༌། རྒྱ་གར་དང་བལ་ཡུལ་ནས་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་པ་རྡོ་རྗེ་རབ་བརྟན་མཆོག་དང་དྲུང་ཆེ་ཐོགས་མེད་དཔལ་འབྱོར་ལགས། བོད་གཞུང་སྨན་རྩིས་ཁང་གི་དབུ་འཛིན་སྨན་རམས་པ་ཟླ་བ་ལགས་དང་སྨན་རམས་པ་པདྨ་རྡོ་རྗེ་ལགས། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་སྨན་དགེ་རག་ཤི་ཚུལ་ཁྲིམས་སངས་རྒྱས་མཆོག་དང་སྨན་པ་ཉི་མ་ལགས། དཔལ་གཤེན་བསྟན་སྨན་རིའི་གླིང་གི་སྨན་པ་དགེ་བཤེས་རིན་ཆེན་བསྟན་འཛིན་མཆོག་དང་གསོ་རིག་དཔྱད་བརྗོད་པ་དགེ་བཤེས་ཆོས་འཁོར་ཚང་ཉི་མ་འོད་ཟེར་མཆོག་བཅས་བོད་ཕྱི་ནང་གཉིས་ནས་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་ཁག་ཚོགས་ཞུགས་གནང་ཐུབ་པ་བྱུང་ཡོད་འདུག་པ་དང༌། ད་དུང་ཧི་མ་ལ་ཡའི་མི་རིགས་དང༌། རྒྱ་རིགས། ཕྱི་རྒྱལ་བ་སོགས་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་པ་མང་པོ་ཞིག་མཉམ་ཞུགས་གནང་ཡོད་འདུག་ཀྱང་ཞིབ་ཕྲའི་གནས་ཚུལ་རེ་རེ་བཞིན་ཤེས་རྟོགས་མ་བྱུང་བ་བཅས། དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་ ༢༠༠༩ ཟླ་ ༩ ཚེས་ ༡༧ ཉིན།།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།