གཡུང་དྲུང་བོན་གྱི་བཀའ་བརྟེན་སྤུས་ལེགས་ཤིག་དཔེ་སྐྲུན་ལེགས་གྲུབ་བྱུང་བའི་སྐོར་གྱི་གནད་འཕྲིན།

གཡུང་དྲུང་བོན་གྱི་བཀའ་བརྟེན་སྤུས་ལེགས་ཤིག་དཔེ་སྐྲུན་
ལེགས་གྲུབ་བྱུང་བའི་སྐོར་གྱི་གནད་འཕྲིན།

 ཁྱུང་པོ་སྟེང་ཆེན་དགོན་གྱི་མཁན་རིན་པོ་ཆེ་༧རྒྱ་མཚོ་ནོར་བུ་བམ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་གིས་བསྟན་འགྲོ་སྤྱི་ཕན་གྱི་གཞི་མ། གཡུང་དྲུང་བོན་གྱི་ཕུགས་ནོར་ངོ་མ་གསེར་གྱི་རི་རབ་བརྒྱ་ལས་ཀྱང་དགའ་བའི་བཀའ་བརྟེན་དཔེ་རྙིང་རྣམས་ཉམས་གསོ་དང་དར་སྤེལ་ཐུབ་ན་སྙམ་པའི་ཁོང་གི་སྔར་ཡོད་ཀྱི་དགོངས་གཞི་དང༌། བླ་སྤྲུལ་དང་དད་ལྡན་མང་ཚོགས་རྣམས་ཀྱིས་རེ་སྐུལ་བཞིན། ཡོངས་འཛིན་སྨྲ་བའི་དབང་པོར་བཀའ་འདྲི་ཞུས་པར་དེ་མ་ཐག་ཏུ་ལེགས་གསོལ་བྱིན་ཞིང་ཟུར་གསལ་གྱི་དཀར་ཆག་བསྐུར་གནང་བ་ལ་གཞི་བཟུང་སྟེ། སྤྱི་ལོ་༢༠༠༢ལོ་ནས་བཟུང་མ་ཡིག་འཚོལ་བསྡུ་དང་ཞིབ་བཤེར་མཛད་འགོ་ཚུགས་པ་དང༌། སྔ་རྗེས་སུ་གཡུང་དྲུང་རྒྱལ་བ་དང༌།གཤེན་སྲས་ནོར་བུ་དབང་རྒྱལ། ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་སོགས་གཡུང་དྲུང་བོན་གྱི་བླ་སྤྲུལ་མང་པོ་ཞིག་དང་བཀའ་འདྲི་སྙན་གསོལ་ཕུལ་བར་ཕྱོགས་སྟོན་གནང་བའི་ལེགས་ཆ་དག་བསྡུས་རྗེས། སྟེང་ཆེན་རྫོང་མི་རིགས་ཆོས་དོན་ཅུད་དང༌།ཆབ་མདོ་ས་ཁུལ་ཆོས་དོན་ཅུད། ནང་བསྟན་མཐུན་ཚོགས་བཅས་ལ་རིམ་པ་ཁག་ལ་ཆོག་མཆན་ཞུས་དོན་བཞིན་ཐོབ།དེ་ནས་སྤྱི་ལོ་༢༠༠༦ལོའི་བོད་ཟླ་དྲུག་པའི་ཚེས་ཉེར་གཉིས་ཏེ་མིག་དམར་ཐ་སྐར་འགྲུབ་སྦྱོར་ཉིན།ཡོངས་འཛིན་རིན་པོ་ཆེའི་དགོངས་བཞེད་དཀར་ཆག་ལྟར་གཡུང་དྲུང་བོན་གྱི་བཀའ་བརྟེན་སྤུས་ལེགས་ཚད་ལྡན་ཞིག་ཕྱོགས་བསྒྲིགས་དག་བཞེངས་ཀྱི་མཛད་འཕྲིན་རླབས་པོ་ཆེའི་དབུ་བསླངས་ཏེ།རིམ་འགྲོ་རུ་སྐྱབས་འ གྲོའི་མཆོད་པ་དང༌།མ་བདུད་བཙན་རྒྱལ་གྱི་གཙོས་བོན་སྐྱོང་སྲུང་མ་རྣམས་ལ་སྟོང་ཚོགས་དང་རི་བསྟོད་བསང་གསོལ་བཅས་འཕྲིན་བཅོལ་དང་རྟེན་འབྲེལ་གྱི་མཛད་སྒོ་གང་ལེགས་སྤེལ་གནང་བ་དང་ལྷན་དུ། གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ལྷན་ཚོགས་ཀྱི་ལྟེ་གནས་རྩོམ་སྒྲིག་ཁང་གི་འཆར་གཞི་ཇུས་འགོད་སོགས་གཙོ་འགན་བཞེས་མཁན་རྣམ་པའི་མཛུབ་སྟོན་འོག མ་དཔེ་འཚོལ་བསྡུ་ཚན་ཁག དཔེ་བསྒྲིགས་གདམ་སྒྲུག་ཚན་ཁག གློག་ཀླད་ཡིག་བཏགས་ཚན་ཁགདཔེ་ཆ་ལག་བྲིས་ཚན་ཁག་ཚན་ཁག ལེགས་བསྒྲིགས་ཞུས་དག་ཚན།ལས་ཞིབ་ལྟ་སྐུལ་ཚན་ཁག་སོགས་ཡན་ལག་ཚན་ཁག་མང་པོ་སྒྲིག་འཛུགས་མཛད་དེ་ལས་འགོ་བཙུགས་པར་སྤྱི་ཚོགས་ཐོག་གི་ལས་རིགས་ཁག་གི་མི་སྣ་མང་པོའི་རྒྱབ་སྐྱོར་དང་དགའ་བསུ་ཐོབ། དེ་ལྟར་༧བླ་མ་འོད་ཟེར་སྤྱིན་པ་རིན་པོ་ཆེ་མཆོག་གིས་གཙོ་འགན་བཞེས་པའི་གཡུང་དྲུརྟེན་དཔེ་རྙིང་ཕྱོགས་བསྒྲིགས་རྩོམ་སྒྲིག་ཁང་གིས་དཔེ་ཆ་འཚོལ་བསྡུ་དང༌། ལེགས་ཉེས་དཔྱད་བསྡུར།གྲོས་མོལ་བགྲོ་གླེང༌། གློག་ཀླད་ཡིག་བཏགས། དཔེ་ཆ་ལག་བྲིས། ཞུས་དག་ལེགས་བསྒྲིགས།བཟོ་གྲྭར་འབྲེལ་གཏུགས།འགྲེམ་སྤེལ་བྱེད་འཆར་སོགས་ཀྱི་ཐད་ལ་སྐུ་ངལ་ཚད་མེད་གནང་བ་དང༌། བོད་ལྗོངས། མཚོ་སྔོན། པེ་ཅིང༌། ཡུན་ནན། ཟི་ཁྲོན། ཀན་སུའུ་བཅས་ཞིང་ཆེན་ཁག་གི་དཔེ་སྐྲུན་ཁང་དུ། བཀའ་འདྲི་དང་ཞིབ་བསྡུར་བྱས་མཐར།ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་རྩོམ་སྒྲིག་ཁང་དང༌། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དང༌། ཁྲིན་ཏུའུ་ཁྲི་ལོ་ཚོན་དཔར་འགན་འཁྲི་ཚད་ཡོད་ཀུང་སི་བཅས་ཕྱོགས་གསུམ་གྱིས་གྲོས་ཆོད་གན་རྒྱར་མིང་རྟགས་བཀོད་པ་དང་གཡུང་དྲུང་བོན་གྱི་བཀའ་རྟེན་དཔེ་རྙིང་ཕྱོགས་བསྒྲིགས་ལྷན་ཚོགས་ནས་མ་རྩ་དང་འགྲོ་གྲོན་ཡོངས་རྗོགས་བཏང་བ་སོགས་དཔར་འདེབས་དང་འགྲེམས་སྤེལ་ཆོག་པའི་འགྲོ་ལུགས་ཚད་ལྡན་ཅན་དུ་གྱུར།དཔེ་ཆའི་ཡིག་གཟུགས་ནི་སྒྲུབ་སྐོར་རྣམས་སྔར་ཡོད་མ་དཔེ་དག་གྲས་དང༌། བྲིས་གཟུགས་ཡག་ཤོས་དང་གསལ་ཤོས་རྣམས་རང་འཇགས་སུ་བྱས། རུལ་སྐྱོན་ཤོར་བ་དང༌། བྲིས་གཟུགས་མི་ལེགས་པ། ཡིག་འབྲུ་མི་གསལ་བ། ལེའུ་ཚན་ཆད་པ་རྣམས་གསར་དུ་ལག་བྲིས་བྱས་ཏེ་བཞེངས། འབྲེལ་གྱི་སྐོར་གློག་ཀླད་དུ་བཏགས་པ་བཅས་བྱས་ཏེ་པར་གཞི་གསལ་ལ་དག་པ་ཞིག་ཡོང་བ་བྱས། བཟོ་གྲྭར་པར་འདེབས་ཀྱི་བྱ་བའི་བརྒྱུད་རིམ་ཁྲོད་ཞིབ་བཤེར་ལྟ་སྐུལ་བྱེད་མཁན་གྱི་ཚན་པ་ཞིག་བཀོད་སྒྲིག་གནང་ཡོད་པ་དེ་དག་གིས་ངལ་བ་ཁྱད་དུ་བསད་དེ་དཔེ་ཆའི་ཆ་ཚད་དང༌། གྲངས་ཀའི་འབོར་ཚད།ཤོག་བུའི་མཐུག་ཚད། གྲངས་ཀའི་འབོར་ཚད།ཚོན་ཁྲའི་བསྡུར་ཚད་སོགས་ལ་སྟངས་འཛིན་བཟུང་བ་དང༌། དཔེ་ཆ་དཔར་ལེན་དང༌། སྤྱིན་ཤོག་ཕབ་སྐྲུན། གློག་ཀླད་སྒྲིག་བཟོ། གཙང་སེལ། བསྐྱར་དཔར། དཔེ་སྒྲོམ།དོས་རྫོངས་སོགས་ལས་ཀའི་སྤུས་ཚད་ལ་ལྟ་སྐུལ་ནན་པོ་མཛད་པ་སོགས་མདོར་ན་ལས་གཞི་འདིའི་སྔ་རྗེས་བར་གསུམ་དུ་བླ་མ་མཆོག་གིས་གཙོར་བྱས་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཀྱི་ལས་སྣེ་ཡོངས་ཀྱིས་ཞིབ་ཚགས་དང་འབད་བརྩོན།གཟབ་ནན། དུས་ཚོད་དང་མ་དངུལ་འབོར་ཆེན་བཏང་བ་དང༌། དད་ལྡན་ལྷ་སྡེ་རྣམས་ཀྱི་རྒྱུ་སྦྱོར་བ་བཅས་གོང་འོག་བར་གསུམ་གྱི་རང་ནུས་གང་ཡོད་ཀྱིས་མཐུན་སྒྲིལ་དང་འབད་འབུངས་བྱས་པའི་འབྲས་བུར།སྤྱི་ལོ་༢༠༠༩ལོའི་དཔྱིད་ཀར་ཟུར་གསལ་དཀར་ཆག་བཞིན་དཔར་སྐྲུན་ལེགས་གྲུབ་བྱུང་བ་སྟེ་གཡུང་དྲུང་བོན་གྱི་དཔེ་རྙིང་གི་ཆ་ཤས་ཤིག་སྟེ་པོད་ཆེན་པོ་གྲངས་༡༡༠། ལྡེབ་གྲངས་༥༦༧༨༤ཡོད་པའི་བརྟེན་འགྱུར་སྤུས་ལེགས་ཚད་ལྡན་ཚར་གྲངས་སྟོང་ཕྲག་གཉིས་ལྷག་ཙམ་ཞིག་ལྷ་མི་ཀུན་གྱི་ཚོགས་བསགས་ཀྱི་ཞིང་དུ་སྨིན་པ་དང་ཆབས་ཅིག་དད་ལྡན་རྣམས་བུང་བ་རྩི་ལ་འཁོར་བ་བཞིན་ཧབ་ཐོབ་ཀྱི་ཡུལ་དུ་གྱུར།ད་དུང་ཡང་དད་ལྡན་མང་པོ་ཞིག་གིས་བསྐྱར་དུ་དཔར་གནང་རྒྱུའི་རེ་འབོད་ཞུ་མུས་སུ་མཆིས་པས་མི་རིང་བར་སླར་ཡང་དེ་དག་གི་རེ་བ་བསྐོང་འཆར་ཡོད་པ་སོགས་གཡུང་དྲུང་བོན་གྱི་བསྟན་པའི་རྒྱལ་མཚན་དགུང་ལ་འདེགས་བྱེད་ཀྱི་བཀའ་བརྟེན་དཔེ་སྐྲུན་གྱི་འཕྲིན་ལས་རླབས་ཆེན་དེ་ལེགས་གྲུབ་བྱུང་བར་དད་ལྡན་ལྷ་མི་ཀུན་གྱིས་དགའ་འབོད་བྱེད་བཞིན་ཡོད་པ་བཅས་སོ།། །།

རིན་སྤུངས་ཚུལ་བསྟན་ནས་མཁོ་འདོན་བྱས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།