བོད་ཤིང་ལུག་ལོའི་རྔ་ལྗོངས་ལི་ཐོ་གསར་པ།

བོད་ཤིང་ལུག་ལོའི་རྔ་ལྗོངས་ལི་ཐོ་གསར་པ།

རྩོམ་པ་པོ། དྲུང་ཆེ་གདོང་བཙུན་རྒྱ་ཐར། རྩོམ་ཁུངས། ཧི་མ་ལ་ཡའི་བོན།
595d75b549c70a01f601f779fa07601b

     བོད་ཤིང་ལུག་ལོའི་རྔ་ལྗོངས་ལི་ཐོ་ཞེས་པ་དེ་ནི་ཆུང་ནས་བཟུང་མགོན་དགེ་བའི་བཤེས་གཉེན་དམ་པ་དང་ཞལ་བྲལ་མ་མྱོང་ཞིང་། མི་ཚེ་ཐོས་བརྩོན་རྣལ་མའི་ཀློང་དང་ཁ་གྱེས་མ་མྱོང་བའི་གྲྭ་པ་གྲྭ་རྐྱང་ཞིག་གིས་འབད་པ་བརྒྱ་དང་བརྩོན་པ་སྟོང་གི་དངུལ་ཆུ་ཁོ་ན་ལས་གྲུབ་པ་ཞིག་སྟེ། བདག་དང་ཤ་གསེང་རུས་རྐང་གི་འབྲེལ་བ་ཟབ་ལ་དམ་ཞིང་། བདག་དང་བསམ་བློ་དགའ་ཞེན་གྱི་ལྟ་བ་ཆུ་དང་ཆབ་རོབ་བཞིན་འདྲེས་པ། བདག་དང་ལྷན་དུ་དགའ་བའི་ཉིན་མོར་དགོད་སྒྲའི་ཧབ་ཆ་མཁའ་ལ་སྤུར་མྱོང་ཞིང་། བདག་དང་མཉམ་དུ་སྡུག་གི་སྔམ་རིང་དུས་གཅིག་ལྷན་གཅིག་མང་དུ་འཐེན་མྱོང་བའི་ངའི་ཆུང་གྲོགས་དམ་པ་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་ཆེན་མོའམ་ཚོགས་གཙོ་གཞོན་པ་ལྔ་རིག་སྨྲ་བ་དགེ་བཤེས་རྫ་ཚེ་དབང་བསྟན་འཛིན་ལགས་ཀྱིས༼གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་༽དུ་སྣོད་ལྡན་བུ་སློབ་བརྒྱ་ཕྲག་མང་པོ་གདམས་ངག་གིས་སྐྱོང་བཞིན། མདོ་སྨད་རྔ་ཡུལ་སྣང་ཞིག་དགོན་ཆེན་དུ་བཤད་སྒྲུབ་བསྟན་པའི་ཕྱག་ལས་ཆད་མེད་ངལ་མེད་དུ་གནངས་དང་གནང་བཞིན་པའི་རླབས་ཆེན་ཕྱག་ལས་དུ་མའི་བར་གསེང་རེ་རེ་ནས།
b2286df6d860867b99225bbb0b0668c3 d86bad8874a33890d7885aff1e788840 fd47be95bd8c1bfd17a29e2b1f7f8f51

      བོད་ཤིང་ལུག་ལོའི་རྔ་ལྗོངས་ལི་ཐོ་འདིའི་རྩ་བ་ཚུགས་ཤིང་དེ་ལ་ཡལ་ག་དང་། ལོ་མ། མེ་ཏོག་དང་འབྲས་བུའི་ཚུལ་དུ་ཆ་ཚང་དོན་ལྡན་གྱི་གནད་ཀ་སྟེ། གཞུང་ལུགས་འདི་ལ་ངེས་པར་དུ་འཛོམས་དགོས་པ་མཐའ་དག་གཞི་གཅིག་ལས་སྨིན་པ་ཞིག་ལས། དེང་དུས་ཀྱི་མཁས་རློམ་རེ་འགར་ལྟར་མི་ཤེས་མདོག་དང་མི་འཇོན་འཇོན་མདོག་གི་གཟུགས་བརྙན་རྫུན་མའི་འབག་ཞལ་གཡར་ཏེ་གཞན་ལ་རེ་ཞིང་གཞན་རྩོམ་གཡར་མའི་རྣམ་པ་ཙམ་ངོམ་པ་ཞིག་ཀྱང་གཏན་མ་ཡིན་པར། འདི་ནི་ཁོང་གི་རྣམ་དཔྱོད་རྙོག་བྲལ་རྒྱ་མཚོའི་ཀློང་ནས་འཁྲུངས་ཤིང་། འདི་ནི་ཁོང་གི་འཇོན་ཐང་ཟླ་བྲལ་སོར་མོའི་རྩེད་འཇོ་ལས་ཡོངས་སུ་ཐོན་པ་ཞིག་ཏུ་ལགས་པས་ན། དེ་རིང་ངས་འདི་ནས་བདག་གི་ཆུང་གྲོགས་དམ་པ་བོད་ཀྱི་རྩོམ་པ་པོ་རྫ་ཚེ་དབང་བསྟན་འཛིན་ལགས་ཀྱིས་མི་བུ་སྤྱིར་བཏང་བ་ཞིག་གིས་བསྒྲུབས་མི་ཐུབ་པའི་ངོ་མཚར་ཆེ་བའི་ཕྱག་ལས་འདི་དང་། མཁས་རློམ་བརྒྱ་དང་ཁྲི་ཡིས་ཕོད་ཚོད་རང་འདོད་ཁོ་ནས་བཞེངས་མི་ནུས་པའི་བོད་ཤིང་ལུག་ལོའི་རྔ་ལྗོངས་ལི་ཐོ་གསར་པ་ལེགས་འགྲུབ་བྱུང་པ་ལ་བཀྲ་ཤིས་སྨོན་པ་སྟོང་གི་ཁ་གཡང་དང་། བདེ་ལེགས་ལེགས་སོ་ཁྲི་ཡི་ལྷ་དར་འཐེན་བཞིན་ཡོད་པས་མ་ཚད། སླད་མར་ཡང་མུ་ནས་མུ་རུ་རྔ་ལྗོངས་ལི་ཐོའམ་བོད་ཀྱི་ལི་ཐོ་འདི་དང་འདི་ལྟ་བུའི་ཚེ་སྲོག་གསར་པ་རེ་རེ་ཡི་གསོན་ཤུགས་དུས་ལྟར་རྒྱས་ཏེ། ང་ཚོའི་ཕྱི་ནང་སྣོད་བཅུད་གཉིས་ཀའི་ལེགས་ཉེས་འགྱུར་འགྲོས་མ་འདྲེས་གསལ་བོར་སྟོན་པའི་ཁྱད་མཚར་ལི་ཐོའི་ཤེས་རིག་འདི་ཉིད་ཉག་ཕྲ་བའི་དབུགས་རྒྱུན་ལ་གསོས་སྨན་བསྣན་ཏེ་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གྱི་ཕྱོགས་ལ་ཐུགས་ཁུར་ཟབ་བཞེས་ཆད་མེད་གནང་རྒྱུའི་རེ་བའི་འབོད་པ་ཡང་ཡང་ཞུ་བ་དང་། རྗེས་མར་ཁོང་གི་མཛད་འཕྲིན་སྔོན་ལས་རྒྱས་ཤིང་ཐུགས་ཀྱི་བཞེད་དོན་ལྷུན་གྲུབ་ཡོང་བའི་སྨོན་པ་དཀར་པོ་བཅས། གྲུབ་མཐའ་བོན་ལ་མཚོན་ན་འདི་འདྲ་གསར་བསྐྲུན་བཟོ་བ་དེང་སང་དཀོན་པའི་ཚད་དུ་སྣང་བ་མ་ཟད། མི་རིགས་བོད་ལ་མཚོན་ན་ཡང་འདི་འདྲ་བརྩམས་བསྐྲུན་བྱེད་པ་ཆེས་ཉུང་ཤས་ལྟ་བུར་གྱུར་འདུག་པའི་བོད་ཀྱི་ལི་ཐོའམ་རྔ་ལྗོངས་ལི་ཐོ་གསར་པ་འདིའི་རྩོམ་པ་པོའི་གྲོགས་ཀྱི་ཐུ་བོ་གྱུར་པ་རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གདོང་བཙུན་རྒྱ་ཐར་གྱིས་སྤྱི་ལོ2014/10/12ལ་རྒྱ་ནག་གི་གྲོང་ཁྱེར་ཆེན་མོ་ཁྲིན་ཏུའུ་རུ་སྤྲོ་སེམས་སེམས་འཁོལ་བའི་ངང་དུ་སྦྱར་བ་ཛ་ཡན་ཏུ།

བོད་ཤིང་ལུག་ལོའི་རྔ་ལྗོངས་ལི་ཐོ་གསར་པ།” སྟེང་དུ་དཔྱད་མཆན 1 ཡོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།