ཆོས་འཁོར་ཚང་དགེ་བཤེས་ཉི་མ་འོད་ཟེར་སྨན་རིའི་གླིང་དུ་བླ་མར་ཁྲི་བཞེངས་མཛད་པ།

 ཆོས་འཁོར་ཚང་དགེ་བཤེས་ཉི་མ་འོད་ཟེར་སྨན་རིའི་གླིང་དུ་བླ་མར་ཁྲི་བཞེངས་མཛད་པ།

རྩོམ་ཁུངས། གཡུང་དྲུང་བོན་དྲ་ཚིགས།

ཕྱི་ལོ་༢༠༡༥ཟླ་བ་དང་པོའི་ཚེས༢༨IMG_0030སྟེ་བོད་ཤིང་རྟ་ལོའི་ཟླ་བ་བཅུ་གཉིས་པའི་ཚེས་དགུ་ཉིན་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དོལ་པོ་བྱི་གཅེར་བཀྲ་ཤིས་རྣམ་རྒྱལ་དགོན་པའི་དགོན་བདག་བླ་མ་ཆོས་འཁོར་ཚང་དགེ་བཤེས་ཉི་མ་འོད་ཟེར་ཁྲི་བཞེངས་མཛད་ཡོད་པ།
དེ་ཡང་དོལ་པོ་བྱི་གཅེར་བཀྲ་པའི་ཡུལ་གྱི་ལྷ་འབངས་རྣམས་ཀྱིས་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་ལ་སྙན་གསེང་ཞུས་དོན་བཞིན། གྲྭ་ས་ཆེན་པོའི་ལམ་སྲོལ་བཞིན་དེ་རིང་ཞོགས་པའི་ཕྱག་ཚོད་བཅུ་པའི་སྟེང་༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་གི་གོ་སྒྲིག་འོག་སྤོས་འདྲེན་དང་དུང་རྒྱ་གླིང་པ་བཅས་ཀྱིས་བསུ་མ་ཞུས་ཏེ་སྨན་རིའི་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་གཅན་ལྔས་བཏེགས་པའི་ཁྲི་ལ་བཞུགས་གསོལ་མཛད།
IMG_00221དེ་ནས་བོན་གཞིས་ཐོབ་རྒྱལ་གསར་པའི་སྡེ་དགོན་ཟུང་གི་ཚོགས་པ་ཆེ་ཕྲ་ཁག་གི་དབུ་འཛིན་རྣམས་ཀྱིས་རིམ་བཞིན་མནྚལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་། སེར་སྐྱ་མང་ཚོགས་ཡོངས་ནས་དར་ཁ་བསྒྲོན་འབུལ་དང་མཇལ་ཁ་ཞུས་ཡོད་པ་དང་།དོལ་པོ་བཀྲ་པའི་ཡུལ་གྱི་བྱི་གཅེར་རྣམ་རྒྱལ་དགོན་གཞུང་ནས་བོན་གཞིས་སེར་སྐྱ་མང་ཚོགས་ལ་འབྲས་སིལ་དང་གསོལ་ཇ་བཅས་དགྱེས་བསྩལ་གནང་ཞིང་། སྨན་རིའི་དགེ་འདུན་འདུས་པ་རྒྱ་མཚོ་ལ་མང་ཇ་དང་སྐུ་འགྱེད་བཅས་ཕུལ་ཏེ་ལྟས་བཟང་གི་མཛད་སྒོ་དེ་ཉིད་དགེ་བའི་ངང་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ།

ཆོས་འཁོར་ཚང་དགེ་བཤེས་ཤེས་རབ་ཉི་མ་འོད་ཟེར།

བཀྲ་ཤིས་རྣམ་རྒྱལ་དགོན་གྱི་བླ་མ།
དོལ་པོ་བྱི་གཅེར་གྱི་ཁོངས་གཏོགས་བཀྲ་ཤིས་ན་མལ་ཡུལ་གྱི་སྒེའུ་སྟེང་བྱ་བའི་གྲོང་པར་ཕྱི་ལོ་༡༩༧༦ མེ་འབྲུག་ལོའི་བོད་ཟླ་དྲུག་པའི་ཉ་གང་སྟེ་གནས་ཆེན་ཤེལ་གྱི་རི་བོ་འབྲུག་སྒྲའི་གནས་དུས་ཉིན་ཏི་ལིང་ཆོས་འཁོར་ཚང་གི་གདུང་ལས་འཁྲུངས།
སྐུ་ན་ཆུང་ངུའི་དུས་ནས་ཡབ་ཆོས་འཁོར་ཚང་ཚེ་དབང་བཀྲ་ཤིས་ཀྱི་དྲུང་ནས་ཡོན་ཏན་ཀུན་གྱི་གཞི་མ་འབྲི་ཀློག་གཉིས་སྦྱོང་འགོ་བཙུགས་ཤིང༌། བསམ་གླིང་བླ་ཆུང་གཙུག་ཕུད་རྣམ་རྒྱལ་མཆོག་དང་ལྷན་ཡང་སྟོན་བླ་མ་རྣམ་རྒྱལ་དབང་འདུས་མཆོག་གི་སྐུ་མདུན་ནས་ཚེ་རིང་སྐྲ་བཅད་ཞུས་ཏེ་ཡ་ངལ་གྱི་གདན་ས་བསམ་གླིང་དགོན་པའི་ཚོགས་གྲལ་དུ་ཞུགས།
༡༩༨༣དགུང་ལོ་བརྒྱད་ཀྱི་སྟེང་རྒྱ་གར་དུ་ཕེབས་ནས་བོན་གཞིས་ཐོབ་རྒྱལ་གསར་པའི་ཉིན་སློབ་ཏུ་ཞུགས་ཏེ་འཛིན་གྲྭ་བརྒྱད་པའི་བར་བོད་ཡིག་དང༌། དབྱིན་ཇི། ཧིན་དྷི་གསུམ་གྱིས་གཙོས་པའི་དེང་རབས་ཤེས་ཡོན་ཁག་ལ་སྦྱངས་པ་རྩེར་སོན་དུ་མཛད།
IMG_0075༡༩༩༢དགུ་ལོ་བཅུ་བདུན་ཐོག་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བླ་ཆེན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་མཆོག་གི་སྐུ་དྲུང་ནས་རབ་ཏུ་བྱུང་སྟེ། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེར་འཛུལ་ཞུགས་ཀྱིས་ཐུན་མིན་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ཁག་དང་མཐུན་མོང་རིག་གནས་རྣམས་ལ་སྦྱངས་པ་མཛད་པའི་མོད། ༡༩༩༢ནས་༢༠༠༠ བར་ཁྲི་འཛིན་རིན་པོ་ཆེའི་སྐུ་སྒེར་དྲུང་ཡིག་གི་སྲི་ཞུ་བསྒྲུབས་ཤིང༌། ༢༠༠༢ལོར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་དང༌། ༢༠༠༣ནས་བོན་སྒོ་ལོ་དེབ་ཀྱི་གཙོ་སྒྲིག་པ་མཛད་མུས། ༢༠༠༥ནས་༢༠༠༧བར་ལོ་གསུམ་རིང་སྨན་རིའི་གྲྭ་ཚང་གི་གཉེར་ཆེན་གྱི་ལས་ཁུར་སོགས་ཐུགས་འགན་བཞེས་མྱོང༌།
༢༠༠༨ལོར་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་བཏགས་བཞེས་ཏེ། ལོ་རྒྱུས་ཞིབ་དཔྱོད་ཆེད་ལས་སུ་གཉེར་ནས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གི་འདུ་ཚོགས་ཀྱིས་གཙོས་པའི་ཤར་ནུབ་རྒྱལ་ཁབ་དག་གི་ལོ་རྒྱུས་བགྲོ་གླེང་རྣམས་ལ་རིམ་ཕེབས་ཐོག་ལོ་རྒྱུས་དཔྱད་རྩོམ་ཡང་གང་མང་སྤེལ་བཞིན་པའི་ངང་ད་ལྟ་དོལ་པོའི་གསུང་རབ་ཉམས་གསོ་ཁང་གི་འགན་འཛིན་དང་། བོད་དུ་མུ་ཁྲི་བཙན་པོའི་རྩོམ་རིག་བྱ་དགའ་ཨང་དང་པོ་འཐོབ།
༢༠༠༩ལོ་ནས་ཡོ་རོབ་ཅེག་རྒྱལ་ཁབ་ཏུ་Charles University སློབ་གྲྭ་ཆེན་མོ་རུ་འབུམ་རམས་པ་འདོན་བཞིན་ཡོད་པ་དང་།༢༠༡༥ལོར་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བླ་མར་ཁྲི་བཞེངས་མཛད་ཡོད་པ་བཅས་ཀྱི་མཚམས་སྦྱོར་མདོར་བསྡུས་ཙམ་མོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།