དཔའ་བོ་འབྲུ་ལྔ་ལས་བྱུང་བའི་བོན་གྱི་རིག་གནས་སྐོར་གྱི་གཏམ་གླེང་།

དཔའ་བོ་འབྲུ་ལྔ་ལས་བྱུང་བའི་བོན་གྱི་རིག་གནས་སྐོར་གྱི་གཏམ་གླེང་།

 རྩོམ་པ་པོ། སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན། རྩོམ་ཁུངས། ཧི་མ་ལ་ཡའི་བོན།szdgf
བོད་རིག་པའི་ཞིབ་འཇུག་པ་དང་«མཚོ་སྔོན་བོད་ཀྱི་སློབ་གསོ»རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་ནོར་བུ་ཚེ་རིང་ལགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས«དཔའ་བོ་འབྲུ་ལྔ་ལས་བྱུང་བའི་
བོན་གྱི་རིག་གནས་སྐོར་གྱི་གཏམ་གླེང་»ཞེས་པ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་སྐྲུན་ལེགས་གྲུབ་བྱུང་བ།

ཀློག་པ་པོར་ཞུ་བའི་ཚིག

སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན།

      མཆུ་ཟླ་བའི་ནང༌། རྒྱལ་ནང་བྱང་ཤར་གྱི་གནའ་མཁར་ཧྲིན་དབྱང་གྲོང་ཁྱེར་གྱི་ནམ་ཟླ་ནི་རང་རེ་ཁ་བའི་ཡུལ་ལྗོངས་ལས་ཀྱང་འཁྱག་བསིལ་གྱི་སྣང་བ་ཞིག་སྟེར། ལྷག་པར་དུ་ཁ་བའི་འདབ་མས་ནོར་འཛིན་བུ་མོར་མཛེས་པའི་གོས་དཀར་བཀླུབས་པའི་མཚན་མོ་འདིར་ཡོད་ཚད་འཁྱགས་རོམ་གྱིས་བསྡམས་པ་དང་མཚུངས། ཁོ་བོ་ནི་ནམ་རྒྱུན་དང་འདྲ་པར་རྨི་ལམ་གྱི་ཞིང་ཁམས་ཉུལ་བའི་སྟ་གོན་ལ་རྩོམ་པའི་དུས་དེར། ལག་པར་གྱི་སྒྲ་དབྱངས་སྙན་མོ་དེ་སིལ་སིལ་གྲགས་བྱུང༌། ཡིན་པ་ནི་གློག་སྐད་དེ་གྲོང་ཁྱེར་ཟི་ལིང་ན་བཞུགས་པའི་གྲོགས་པོ་ནོར་བུ་ཚེ་རིང་ལགས་ཀྱིས་བཏང་ཡོང་བ་ཡིན། ཁོང་གིས་ད་ལོར་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་རྒྱབ་སྐྱོར་གནང་འོག་ཉིད་ཀྱི་བོན་ཕྱོགས་ཀྱི་དཔྱད་རྩོམ་ཁག་ཅིག་ཕྱོགས་བསྒྲིགས་བྱས་ནས་དཔེ་དེབ་ཅིག་པར་སྐྲུན་བྱེད་གྲབས་ཡོད་པས་དེའི་མགོ་བརྗོད་ཅིག་ཡིན་གཅིག་མིན་གཉིས་ང་རང་གིས་འབྲི་དགོས་ཟེར། གཏམ་དེ་ཐོས་འཕྲལ་ངས་འདང་ཙམ་ཡང་མ་བརྒྱབ་པར་ཁས་བླངས། རྒྱུ་མཚན་ནི་ཁོ་བོར་གཞན་ལྟར་དཔེ་ཆ་ཞིག་ལ་མཛུབ་སྟོན་རང་བཞིན་དང་ཚད་མཐོ་ས་ནས་གདེང་འཇོག་བྱེད་པའི་མགོ་བརྗོད་དེ་འདྲ་ཞིག་འབྲི་ཐུབ་པའི་ཡོན་ཏན་ལྡན་པ་མ་ཡིན་ཡང༌། གྲོགས་པོ་ཁོང་གི་དཔྱད་རྩོམ་ཁྲོད་དུ་བོན་རིག་པའི་སྐོར་གྱི་རྩོམ་ཡིག་དེ་རིགས་བདག་གིས་དུས་སྔ་མོ་ནས་དུས་དེབ་སྣ་ཚོགས་ནས་བཀོད་པ་བཀླགས་མྱོང་ཡོད་སྟབས། ད་རེས་གཅིག་ཏུ་བསྒྲིགས་ནས་དཔེ་ཆ་ཞིག་པར་སྐྲུན་ཐུབ་པ་བྱུང་ན་བདག་དང་འདྲ་བ་སྐལ་མཉམ་ཀུན་གྱི་གསོས་སུ་ཅི་མི་འགྲོ་སྙམ་ནས་དགའ་སྤྲོ་བརྟས། དེ་མུར་ཡར་ལྡང་ནས་རང་གི་བརྗོད་འདོད་ཀྱི་གཏམ་འདི་ཤར་མར་བྲིས། དེ་ཡང་འདིར་ངས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ཐོག་མར་ཞུ་རྒྱུ་ཞིག་ནི། གྲོགས་པོ་ཁོང་གིས་དཔེ་དེབ་འདིའི་མཚན་བྱང་ལ«དཔའ་བོ་འབྲུ་ལྔ་ལས་བྱུང་བའི་བོན་གྱི་རིག་གནས་སྐོར་གྱི་གཏམ་གླེང»ཞེས་བཏགས་པར་རྒྱུ་མཚན་འདི་ཡོད་པར་སྙམ་སྟེ།
གཅིག་ནས་བོད་གནའ་མིའི་སྙིང་སྟོབས་གང་ཡིན་པ་དེ་གསལ་བཤད་བྱས་ཡོད། དེ་ཡང་བོད་གནའ་རབས་རིག་གནས་ཀྱི་ཁུངས་གང་ཡིན་ཞེ་ན་སྙིང་སྟོབས་ཡིན་ཏེ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ལས་བོད་མི་རིགས་འདི་འཛམ་གླིང་གི་ཡང་རྩེ་མཚོ་བོད་མཐོ་སྒང་སྟེ་རང་བྱུང་གི་ཁོར་ཡུག་ཆེས་ཞན་ས་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་རང་བྱུང་ཁམས་ལ་འཐབ་རྩོད་དང་འཇིག་རྟེན་ལ་སྒྱུར་བཀོད་བྱེད་ཐུབ་པའི་སྙིང་སྟོབས་དེ་ནི་དཔའ་བོའི་རང་གཤིས་ཁོ་ན་ཡིན་པས་སོ། །
གཉིས་ནས་བོད་གནའ་མིའི་བློ་གྲོས་གང་ཡིན་པ་དེ་གསལ་བཤད་བྱས་ཡོད། བོད་གནའ་རབས་རིག་གནས་ཀྱི་ཁུངས་གཞན་ཞིག་ནི་བློ་གྲོས་ཡིན་ཏེ། སྙིང་སྟོབས་དེས་བསྲུབས་པ་དང་ཆབས་ཅིག་ཐོན་སྐྱེད་ངལ་རྩོལ་ཁྲོད་མུ་མཐུད་དུ་ཉམས་མྱོང་གསོག་འཇོག་གནང་ཞིང་བློ་རིག་གི་གཤོག་རྩལ་ལ་རང་སྟོབས་ཀྱིས་ཤུགས་བསྐྱེད་དེ་མཐར་ཤེས་རིག་གི་མཁའ་དབྱིངས་སུ་འཕུར་ཐུབ་པ་བྱུང་བ་སྟེ། འབྱུང་བ་ལྔ་ལས་གྲུབ་པའི་རང་རེའི་རྨད་དུ་བྱུང་བའི་ཡིག་འབྲུ་འདི་དག་གསར་གཏོད་བྱས་ཏེ་ཤེས་རིག་གི་སྣང་བྱེད་ནང་དུ་དྲངས་པས་རེད།
རྒྱུ་མཚན་འདི་དག་དབང་གིས“དཔའ་བོ་འབྲུ་ལྔ”ཞེས་བྱ་སྟེ། དེའི་རྒྱུ་མཚན་ཁུངས་བཙུན་ནི། བོན་གྱི་བཤད་རྒྱུན་དུ་དང་ཐོག་འབྱུང་བ་ལྔའམ་ཡེ་ཤེས་ལྔའི་སྙིང་བོའི་ཡི་གེ་སྟེ་ཨཱྃ་རཾ་སྲུམ་ཁཾ་ཡཾ་ལས་འཕྲུལ་ཡིག་སུམ་ཅུ་རྩ་བརྒྱད་དམ་བཞི་བཅུ་བྱུང་ཞིང་དེས་གནའ་བོའི་ཞང་ཞུང་ཤེས་རིག་གི་བརྗོད་བྱ་མཐའ་དག་ཟིན་བྲིས་སུ་བཀོད་ནས་རྒྱུན་འཛིན་བྱུང་བ་རེད་ཟེར་བ་དེའོ། །
ཡང་བརྗོད་བྱའི་ཐད་ནས་གྲོགས་པོ་གང་གིས་བོད་གནའ་བོའི་རིག་གནས་ཀྱི་ཉིང་བཅུད་དེ་གཡུང་དྲུང་གི་བོན་འདི་བོད་རང་གི་རིག་གནས་དང་སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོ་ནས་ཇི་ལྟར་སྣང་བ་དེ་ལྟར་དུ་གསལ་བརྗོད་བྱས་ཡོད། དཔེར་ན་བོད་གནའ་མིའི་འཇིག་རྟེན་ལྟ་ཚུལ་དང་རང་བྱུང་ཁོར་ཡུག་གི་ལྟ་ཚུལ། མི་ཚེའི་ལྟ་ཚུལ། བོན་གྱི་རིག་གནས་དེ་དག་གིས་བོད་ཀྱི་སྤྱི་ཚོགས་ལ་ཤན་ཤུགས་ཅི་ཞིག་ཐེབས་ཚུལ། གཞན་ཡང་རང་རིགས་ཀྱིས་བོན་ཆོས་དེ་ལ་ནོར་འཁྲུལ་གྱི་ལྟ་སྟངས་གང་འདྲ་ཞིག་བཅངས་ཡོད་པ་དང༌། མི་རིགས་རིག་གནས་ཀྱི་ཕྱོགས་ནས་བོན་ཆོས་དང་དེས་མཚོན་པའི་རིག་གནས་ལ་ངོས་འཛིན་ཇི་ལྟར་གནང་རྒྱུ་སོགས་ཐད་ལ་རང་གི་ལྟ་ཚུལ་སྲོང་བོར་བརྗོད་ཡོད། ལྟ་ཚུལ་དེ་དག་ཀྱང་རང་གིས་གང་འདོད་དུ་བཤད་པ་མ་ཡིན་པར་བོན་གྱི་དཔེ་གཞུང་ནས་མཚོན་པའི་བོན་གྱི་ལྟ་བ་སོགས་ལུང་རིགས་གཉིས་ཀྱི་ཆ་ལ་རྒྱབ་བཅོལ་ནས་དངོས་ཐོག་བདེན་འཚོལ་དང་བདེན་པ་བདེན་ཐུབ་ཀྱིས་བརྗོད་ཡོད།
དེ་ཡང་བདེན་ཏེ། ལོ་རྒྱུས་ཀྱི་དབང་གིས་མི་ཕལ་མོ་ཆེ་ཞིག་གིས་རང་སའི་ཆོས་ལུགས་དེ་ལ་སྔོན་ཐོན་མི་རིགས་ལྟར་དུ་དེ་ཕ་ཆོས་དང་དེ་རང་གི་ཤེས་རིག་ཏུ་བསམས་པ་ཕར་ཞོག གྲུབ་མཐའི་ཕྱོགས་རིས་ཀྱིས་ཐ་ན་དེ་ལ་སྡང་སེམས་དང་ཕྲག་དོག དམའ་འབེབས་བྱེད་པ་སོགས་ནི་གཞན་རིགས་ཀྱིས་མཐོང་ན་ངོ་མ་དགོད་བྲོ་བ་དང་མི་རིགས་འདི་ལ་རང་རྩི་དང་རང་བཀུར་གྱི་བསམ་པ་ཞིག་མི་འདུག་པར་སྙམ་སྲིད་དོ།། དེ་ཡང་གྲོགས་པོ་ཁོང་གིས་དཔྱད་རྩོམ་ཁག་དེ་ཞིག་གི་ནང་དུ་འདི་ལྟར་བྲིས་ཡོད་པ་ལྟར“དམ་པའི་ཆོས་དེ་རྒྱ་ནག་གི་ཡུལ་ལ་བོད་ལས་ཀྱང་དར་སྔ་ཞིང་གནམ་གྱིས་ས་བཀབ་པ་ལྟ་བུ་ཞིག་དར་ནའང་ཁོང་ཚོས་རང་མི་རིགས་ཀྱི་ཤེས་རིག་དང་རིག་གནས་སོགས་གཞན་ལ་ངོམ་སྐབས་རང་རིགས་ཀྱིས་དངོས་སུ་གསར་དུ་བཏོད་པའི་ཏོ་ལུགས་དང་རོའུ་ལུགས་དེ་ཟབ་ཟབ་ཏུ་གླེང་གི་ཡོད། དེས་ན་ང་ཚོ་བོད་ལའང་རང་གི་ཤེས་རིག་མཚོན་པའི་རིག་གནས་མེད་པ་མ་ཡིན་ཏེ། གཙོ་བོ་གཞན་ལ་རྩི་ཆེ་དྲགས་ནས་རང་ནོར་རང་གིས་དམའ་ཕབ་པ་ཙམ་ཡིན། དོན་ངོ་མར་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་ཏེ་གཡུང་དྲུང་བོན་འདི་དང་འདིས་མཚོན་པའི་རིག་གནས་ནི་རང་མི་རིགས་ཀྱི་བློ་གྲོས་ངོ་མ་ཡིན་ལ། འཛམ་གླིང་གི་མི་རིགས་གཞན་ལའང་ངོམ་རིན་དང་གླེང་རིན་ཡོད་པ་ཞིག་ཡིན།”ཞེས་གསུངས་པ་ནི་དོན་ལ་གནས་སོ། ། ང་རང་ལའང་མྱོང་བ་དེ་ཡོད་དེ། དཔེར་ན་སྐབས་ཤིག་རྒྱའི་གྲོགས་པོ་འགའ་ཞིག་དང་མཉམ་དུ་གྲོང་ཁྱེར་ཅུའེ་ནན་ན་ཡོད་པའི་ཁུང་ཧྥི་ཙིའི་ལྷ་ཁང(ལྷ་ཁང་ཟེར་ན་ཨེ་འགྲིག་མི་ཤེས)ཞིག་ཏུ་མཇལ་སྐོར་བྱེད་སྐབས། རྒྱའི་གྲོགས་པོ་དེས་བདག་ལ་འདི་ནི་ང་ཚོ་མེས་པོའི་རིག་གནས་སྲོལ་གཏོད་པའི་རླབས་ཆེན་གྱི་མི་ཞིག་རེད། དེའི་ལོ་རྒྱུས་ཧ་ཅང་རིང་པོ་ཡོད་དེ་བོད་ལ་ནང་བསྟན་མ་དར་གོང་གིའང་ཆེས་སྔ་བའི་དུས་སྐབས་ཀྱི་མི་ཡིན་ཞེས་བདག་ལ་ངོ་སྤྲོད་གནང་ཞོར་ཁུང་ཧྥི་ཙིའི་སྐུ་དེར་གུས་ཕྱག་འབུལ་བ་རེད། མ་གཞི་ཁོང་རྣམས་ཀྱང་ཡོན་ཏན་པ་ཏག་ཏག་ཡིན་པ་དང་ནང་བསྟན་ལའང་དད་པ་ཡོད་པ་རེད། དེར་ངའི་སེམས་ལ་ཁོང་རྣམ་པས་རང་གི་སྲོལ་རྒྱུན་གྱི་རིག་གནས་ལའང་འདི་ལྟར་གཙིགས་མཐོང་བྱེད་པ་ལ་ཨང་སྙམ་བྱུང༌།
ཡི་རང་པ་ཞིག་ལ་ཕྱོགས་གཅིག་ནས་དེང་སྐབས་རྒྱལ་ནང་དང་རྒྱལ་ཕྱི་གང་ནས་བལྟས་ཀྱང་བོན་ཞིབ་འཇུག་གི་དཔུང་ཁག་ཅིག་ངང་གིས་འཕེལ་བཞིན་ཡོད་པ་དང༌། ཁོང་རྣམ་པའི་ཞིབ་འཇུག་གི་དམིགས་ཡུལ་དང་འདུན་པ། ཡང་ན་ཀུན་སློང་སོགས་ཁ་ཁ་ཡིན་ཡང་ཞིབ་འཇུག་གི་འབྲས་བུ་དགའ་འོས་པ་ཞིག་ཐོན་དང་ཐོན་བཞིན་ཡོད་ཅིང༌། དུས་མཚུངས་སུ་རིག་གནས་འཕེལ་རྒྱས་ཀྱི་དགོས་མཁོའམ་གནས་བབ་དེ་དང་བསྟུན་ནས་བོན་གྱི་དཔེ་ཆ་རྣམས་ཀྱང་གཞུང་སྒེར་གཉིས་དང་ཡུལ་ཕྱོགས་མ་ངེས་པར་གང་ས་གང་ནས་པར་སྐྲུན་བྱས་དང་བྱེད་མུས་སུ་ཡོད་པ་འདིས་མི་ཀུན་གྱིས་གཡུང་དྲུང་གི་བོན་འདིར་རྒྱུས་ལོན་ཐུབ་པར་ལམ་དང་སྒོ་འཕར་ཡངས་པོ་ཞིག་ཕྱེས་པ་དེ་རེད།
ཡང་ཕྱོགས་གཞན་ཞིག་ནས་ད་ལྟའི་བོད་ཀྱི་ན་གཞོན་རྣམས་ཀྱང་དཔལ་འབྱོར་གཅིག་གྱུར་ཅན་དང་རིག་གནས་སྣ་མང་ཅན་གྱི་སྤྱི་ཚོགས་ཁོར་ཡུག་ནང་འཚར་ལོངས་བྱུང་དང་འབྱུང་བཞིན་ཡོད་པས། ཁོང་ཚོ་ནི་རྒན་རབས་པ་ལྟར་རང་གི་གྲུབ་མཐའ་ཙམ་མ་གཏོགས་མི་མཐོང་བའི་མིག་རྒྱང་ཁབ་མིག་ལྟར་ཕྲ་བ་དེ་ལས་བརྒལ་ཏེ་ཆེ་ས་ནས་མི་རིགས་འདི་འཛམ་བུ་གླིང་འདིར་གནས་ཐུབ་མིན་དང་དེའི་ཐུན་མོང་མ་ཡིན་པའི་རིག་གནས་དག་ཇི་ལྟར་རྒྱུན་འཛིན་དང་ཇི་ལྟར་འཕེལ་རྒྱས་སུ་གཏོང་བ་ལ་སོགས་པར་བསམ་བློ་གཏོང་བའི་མི་རིགས་ཀྱི་འདུ་ཤེས་དྲག་པོ་ཞིག་ཡོད་པ་དེ་ཡིན་ལ། འདུ་ཤེས་དང་མཐོང་རྒྱ་འདི་འདྲ་ཞིག་གི་འོག་ཏུ་ཁོང་ཚོས་བོད་རང་གི་གནའ་བོའི་ཤེས་རིག་གི་ཁུངས་ངོ་མ་ནི་གནའ་བོའི་རྒྱ་གར་དང་ཡང་ན་གནའ་བོའི་དབྱི་ལང་སྟེ་པར་སིག་སོགས་ཕྱིའི་རྒྱལ་ཁབ་གང་ལའང་གཏུག་དགོས་དོན་མེད་པར་བོད་མི་རང་གི་བློ་གྲོས་ལས་བྱུང་བའི་བོན་གྱི་རིག་གནས་འདི་དག་ཡིན་པར་ངོས་ཟིན་བྱུང་དང་འབྱུང་བཞིན་ཡོད། དེས་ན་བོན་གྱི་རིག་གནས་དེ་དོན་དམ་པར་གང་འདྲ་ཞིག་ཡིན་པ་ངེས་ཤེས་འདྲོང་དགོས་ན་དེ་དག་གི་གཞུང་དཔེ་རི་བོའི་གཏོས་དང་འདྲ་བ་དེ་རིགས་ལ་གཟིགས་ན་གཞི་ནས་དེ་རྩ་ཆེན་ཞིག་ཡིན་པ་ངང་གིས་རྟོགས་འོང་ལ། འདིའི་ཐད་ལ་གྲོགས་པོ་གང་གི་དཔེ་ཆ་འདི་ཡང་དེའི་མཐུན་རྐྱེན་དུ་འགྱུར་སྲིད་པ་ནི་ངས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་འོས་སྦྱོར་གྱི་ཚུལ་དུ་མགྲིན་པ་གཟེངས་སུ་བཏེགས་ནས་ཞུ་པ་ཡིན། ངས་གོང་གི་གཏམ་འདི་དག་བྲིས་ཚར་རྗེས་མི་འགྱངས་པར་སྐྱ་རེངས་ཀྱང་ཤར་ལ་ཉེ། ས་འདི་ནས་ཉི་གཞོན་འཆར་བ་ཐག་ཤིན་ཏུ་ཉེ་བས་ནམ་ལངས་སྔ་བ་ཞིག་འདུག ད་ནི་བདག་ཀྱང་མི་རིང་བར་གྲོགས་པོ་གང་དང་ལྷན་དུ་འཛོམས་འོང་པར་བསམ་སྟེ་སླར་ཡང་བདེ་བའི་མལ་ཁྲིར་བུད་དོ།།

ཞེས་གནའ་མཁར་ཧྲིན་དབྱང་ནས་སྦྱར།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།