དགོན་སྡེའི་ལོ་རྒྱུས་༼ཞང་བོད་གདན་རབས་༽ལེགས་གྲུབ་ཀྱི་མཛད་སྒོ་སྤེལ་བ།

རྩོམ་པ་པོ། དགེ་བཤེས་ལྷ་བུ་བློ་བཟང་། རྩོམ་ཁུངས། ཧི་མ་ལ་ཡའི་བོན།

གཡུང་དྲུང་བོན་གྱི་དགོན་སྡེའི་ལོ་རྒྱུས་ཞང་བོད་གདན་རབས་ལེགས་འགྲུབ་བྱུང་བའི་མཛད་སྒོ་ངོ་སྤྲོད་མདོར་བསྡུས།1སྤྱི་ལོ་༢༠༡༥ལོའི་བོད་ཟླ་༡ཚེས་༡༧ཉིན་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་མདོ་སྨད་སྣང་ཞིག་དགོན་ཆེན་གྱི་དཔོན་སློབ་ཁྲི་རབས་བཅོ་བརྒྱད་པ་སྨྲ་དབང་རིག་པའི་བདག་ཉིད་སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ་མཆོག་གིས་བརྩམས་གནང་མཛད་པའི་གཡུང་དྲུང་བོན་གྱི་དགོན་སྡེ་དྲུག་བརྒྱ་ལྷག་གི་བྱུང་རབས་ལོ་རྒྱུས་མདོར་བསྡུས་ཞང་བོད་གདན་རབས་ཞེས་པའི་དཔེ་དེབ་གཉིས་ཀྱི་བདག་ཉིད་ཅན་ལེགས་གྲུབ་བྱུང་བའི་མཛད་སྒོའི་དུས་ཆེན་སྣང་ཞིག་དགོན་གྱི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་ནས་ཟབ་རྒྱས་ངང་སྤེལ།

2

དེ་ཡང་མཛད་སྒོ་སྤེལ་བའི་ཚོགས་འདུའི་གོ་རིམ་མདོར་བསྡུས་ནི། ཚེས་བཅུ་དྲུག་གི་དགོང་མོ་རྔ་བ་རྫོང་ཐོག་ཏུ་སྣང་ཞིག་མགྲོན་ཁང་ཆེན་མོ་ནས་སྣེ་ལེན་བྱས་པ་དང་། ཚེས་བཅུ་བདུན་གྱི་ཞོགས་ཀ་ཆུ་ཚོད་བརྒྱད་ཀྱི་སྟེང་དུ་ཕྱོགས་སོ་སོ་ནས་ཕེབས་པའི་སྐུ་མགྲོན་ལྷན་རྒྱས་ཀྱིས་སྣང་ཞིག་མགྲོན་ཁང་ཆེན་མོ་ནས་ཞོགས་ཟས་གསོལ།
3 ཆུ་ཚོད་དགུའི་སྟེང་དུ་སྣང་ཞིག་མགྲོན་ཁང་ཆེན་མོ་ནས་ཡར་སྣང་ཞིག་དགོན་དུ་ཕེབས་བསུ་བྱས་ཏེ་རླངས་འཁོར་བརྒྱ་ཕྲག་ལྷག་གིས་འཕྲེང་བསྒྲིགས་ཏེ་གོང་ས་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་གཙོས་པའི་བླ་སྤྲུལ་དགེ་བའི་བཤེས་གཉེན་དང་། ལས་རིགས་སོ་སོ་ནས་ཕེབས་པའི་ཤེས་ལྡན་མི་སྣ་རྣམས་ལེགས་པར་བསུས། དེ་དང་བསྟུན་ནས་གཞུང་ལམ་གྱི་བར་ཁུག་རེ་རེ་ནས་དད་ལྡན་སྐྱེས་བུ་མང་པོས་ལྷ་བསང་ཕུད་ཀྱང་རླུང་རྟ་གཏོར་བ་དང་གཡུང་དྲུང་བོན་གྱི་སྲིད་པའི་བརྡ་དར་ཆེན་མོ་སོགས་མཆོད་རྫས་དང་བཀྲ་ཤིས་པའི་རྟེན་འབྲེལ་མང་དུ་ཕུལ།

4དེ་བཞིན་ཆུ་ཚོད་དགུ་དང་ཕྱེད་ཀའི་མཚམས་སུ་སེར་འཕྲེང་གི་སྣེ་མོ་སྣང་ཞིག་དགོན་དུ་ཆགས་པའིགཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སྒོ་ཁར་ཐོན་ཏེ་དགེ་བའི་བཤེས་གཉེན་ཆེན་མོ་ཁོང་གིས་ཚོགས་ཞུགས་མི་སྣ་རྣམ་པ་ཕེབས་བསུ་མཛད།

5ཆུ་ཚོད་བཅུའི་སྟེང་དུ་ཚོགས་འདུའི་འགོ་དངོས་སུ་བཟུང་སྟེ་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་ཆེན་མོ་དགེ་བཤེས་བསྟན་འཛིན་དབང་ལྡན་མཆོག་གིས་ཚོགས་ཐེངས་འདིའི་ཚོགས་འདུའི་མདོ་འཛིན་བྱས་ཏེ་ཚོགས་ཞུགས་རྣམ་པ་ངོ་སྤྲོད་བྱས།

6དེ་དང་འབྲེལ་ཏེ་ཁོང་གི་གསུངས་བཤད་གནད་བསྡུས་ནི་དགེ་བའི་བཤེས་གཉེན་ཆེན་མོ་སྒོ་རིགས་ཤེས་རབ་གྲགས་པ་མཆོག་རྔ་བ་བློན་ཚང་དུ་སྐུ་འཁྲུངས་ཏེ་དང་པོ་མདོ་སྨད་སྣང་ཞིག་དགོན་གྱི་ཚོགས་གྲལ་དུ་ཞུགས་པ་དང་། རྒྱལ་ཚབ་རྒྱ་འོབས་བསྟན་འཛིན་དབང་རྒྱལ་གྱི་མདུན་ནས་གཙང་གཙུག་གི་སྡོམ་ཁྲིམས་བཞེས་ཏེ་དགེ་བའི་བཤེས་གཉེན་རྣམས་ཀྱི་མདུན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཁག་ལ་སྦྱངས་བརྩོན་དྲག་པོ་བྱས་ཚུལ། དེ་རྗེས་ཁོང་རྒྱ་གར་སྨན་རི་དགོན་དུ་ཕེབས་ཏེ་སྐྱབས་རྗེ་མཁན་སློབ་རྣམ་གཉིས་དང་དགེ་བའི་བཤེས་གཉེན་རྣམས་ཀྱི་མདུན་ནས་མི་ལོ་བཅུ་ཕྲག་ལྷག་གི་རིང་ལ་མདོ་སྔགས་རྫོགས་གསུམ་དང་ཐུན་མོང་རིག་གནས་སྐོར་ལ་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་གསན་བསམ་ཡང་དག་གནང་སྟེ་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་དམ་བཅའ་བཞག་པའི་སྐོར། དེ་ནས་ཕྱིར་མདོ་སྨད་སྣང་ཞིག་དགོན་དུ་ཕེབས་ཏེ་སླར་ཡང་སྣང་ཞིག་དགོན་ཆེན་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་དམ་བཅའ་བཞག་སྟེ་འགྲན་བྲལ་མཁས་པའི་དབང་པོའི་ཅོད་པན་མངོན་པར་གསོལ་ཚུལ། ༢༠༠༡ལོ་ནས་མདོ་སྨད་སྣང་ཞིག་དགོན་ཆེན་དུ་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་དང་རྒྱལ་ཚབ་ཐམས་ཅད་མཁྱེན་པ་ཟུང་གིས་ཐུགས་བཀོད་འོག་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གསར་དུ་བཙུགས་ཏེ་དགེ་བའི་བཤེས་གཉེན་ཁོང་སློབ་གླིང་གི་ཚོགས་གཙོ་གཞོན་པ་རུ་བསྐོས་ནས་བཤད་སྒྲུབ་སློབ་གླིང་གི་སློབ་གཙོ་སོགས་རིམ་བཞིན་ཐུགས་འགན་བཞེས་ཏེ་མི་ལོ་བརྒྱད་ཀྱི་རིང་ལ་ཁོང་གིས་སློབ་མ་བརྒྱ་ཕྲག་མང་པོ་བསྐྱངས་ཚུལ། དེ་ནས་སྣང་དགོན་སེམས་དཔའ་འདུས་སྡེ་རྒྱ་མཚོའི་དབུས་ནས་སྔགས་རམས་པའི་དམ་བཅའ་བཞག་སྟེ་སྣང་ཞིག་དགོན་ཆེན་གྱི་དཔོན་སློབ་ཁྲི་རབས་བཅོ་བརྒྱད་པའི་ཁྲི་ལ་མངའ་གསོལ་ཞིང་རབ་འབྱམས་དགེ་བའི་བཤེས་གཉེན་མང་པོ་བསྐྱངས་ཚུལ། ད་ལྟ་བླ་མ་ལི་ཤུ་ཚང་གིས་གདན་ཞུས་ལྟར་རྒྱལ་རོང་བཤད་སྒྲུབ་སློབ་གླིང་གི་དཔོན་སློབ་ཀྱི་འགན་བཞེས་ནས་བཞུགས་ཚུལ་སོགས་སྒོ་རིགས་དགེ་བཤེས་མཆོག་གི་འདས་མ་ད་གསུམ་གྱི་མཛད་འཕྲིན་སྐོར་མང་དུ་གསུངས། དེའི་ཞོར་དུ་ཁོང་གིས་བརྩམས་གནང་མཛད་པའི་རྟགས་རིགས་འགྲེལ་བ་དང་། དབུ་མའི་འགྲེལ། འབྱུང་རྩིས་སྐོར། སྡུད་གྲྭའི་སྐོར། ལྷོ་གཏེར་ལུགས་ཀྱི་ཐེག་པ་རིམ་དགུའི་སྐོར། ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་དཀར་ཆག་སྐོར་སོགས་གླེགས་བམ་མང་པོ་ཞིག་མཛད་པའི་སྐོར་སོགས་ངོ་སྤྲོད་རགས་བསྡུས་བྱས།7ལྷག་པར་ཐེངས་འདིའི་གཡུང་དྲུང་བོན་གྱི་དགོན་སྡེའི་ལོ་རྒྱུས་ཞང་བོད་གདན་རབས་སྤྱི་ལོ་༢༠༠༠ལོ་ནས་མགོ་བརྩམས་ཏེ། མི་ལོ་བཅུ་བཞིའི་རིང་དུ་རྒྱལ་ཕྱི་ནང་དང་མདོ་དབུས་ཁམས་གསུམ་སོགས་ཀྱི་ས་གནས་དག་ལ་དངོས་སུ་ཕེབས་ནས་དགོན་པ་སོ་སོའི་པར་རིས་དང་ས་ཁྲ་སོགས་དུས་རབས་དང་བསྟུན་པའི་སྒོ་ནས་རྩོམ་བསྒྲིགས་བྱས་ཏེ་པོད་གཉིས་ཀྱི་བདག་ཉིད་ཅན་ཞིག་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ཏེ་ལེགས་འགྲུབ་བྱུང་བས་དེ་རིང་དངོས་སུ་མཛད་སྒོ་སྤེལ་བ་ལ་བཀྲ་ཤིས་རྟེན་འབྲེལ་ཞུས་པ་དང་བཅས་མདོ་འཛིན་པས་གཏམ་བཤད་གནང་།8 དེ་ནས་དགེ་བའི་བཤེས་གཉེན་ཆེན་མོ་སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ་མཆོག་གིས་ཞང་བོད་གདན་རབས་སྐོར་ནས་ཐོག་མའི་འཆར་གཞི་ནས་བར་དུ་ཁོང་གིས་ཕྱག་ལས་གནང་ཚུལ་དང་། ད་ལྟ་དངོས་སུ་ལེགས་གྲུབ་བྱུང་བའི་བར་གྱི་ལོ་རྒྱུས་དང་ས་གནས་སོ་སོར་ཕེབས་པའི་གོ་རིམ། དཔལ་འབྱོར་གྱི་མཐུན་རྐྱེན་སྦྱོར་མི་སོགས་ཁོང་ལ་རྒྱབ་སྐྱོར་གནང་བའི་མི་སྣ་ཡོངས་ལ་བཀའ་དྲིན་ཞུས་པ་དང་། མ་འོངས་པར་ཁོང་གིས་ཞང་བོད་གདན་རབས་རྒྱ་ཡིག་དང་དབྱིན་ཡིག་གཉིས་ཀྱི་སྟེང་དུ་བསྒྱུར་རྒྱུའི་ཐུགས་དགོངས་ཡོད་ཚུལ་སོགས་འདི་ལྟར་བྲིས་པའི་དགོས་པ་དང་དམིགས་ཡུལ་སྐོར་ནས་གསུང་བཤད་གནང་།

9དེ་ནས་ཐེངས་འདིའི་སྐུ་མགྲོན་གྱི་གཙོ་བོ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གོང་ས་སྣང་ཞིག་སྐྱབས་མགོན་མཆོག་གིས་གསུང་བཤད་གནང་སྟེ་དགེ་བའི་བཤེས་གཉེན་ཁོང་གི་ཐུགས་སྟོབས་དང་བཀའ་དྲིན་ཆེ་བའི་རིམ་པ། གཡུང་དྲུང་བོན་ལ་མཚོན་ན་སྔ་ན་མེད་པའི་མཛད་རྗེས་རླབས་ཆེན་ཡིན་ཚུལ་མ་འོངས་པར་རྒྱ་དབྱིན་གཉིས་ཀྱི་ཡིག་ཐོག་ཏུ་བསྒྱུར་ན་དགེ་མཚན་ཆེ་ཚུལ་སོགས་མདོར་ན་དགེ་བཤེས་མཆོག་གི་ཕྱག་ལས་ལ་ཡི་རངས་དང་བཅས་མཉམ་འབྲེལ་མཐུན་ཚོགས་ངོས་ནས་བཀའ་དྲིན་ཡང་ཡང་ཞུས།10

མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་མཆོག་གིས་ཁོང་ལ་བཀའ་དྲིན་དང་གཡུང་དྲུང་བོན་གྱི་གྲུབ་མཐའ་ལ་ཕྱིར་རྗེས་ཆེ་བའི་བཀའ་གསུང་མང་དུ་བསྩལ། མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དགའ་མལ་དགོན་ཆེན་གྱི་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེས་དགེ་བཤེས་ཁོང་གིས་དཀའ་བ་དུ་མ་དང་དུ་བླངས་ཏེ་གཡུང་དྲུང་བོན་ལ་མཛད་རྗེས་ཆེན་པོ་བཞག་ཚུལ་དང་མ་འོངས་ཡིག་རིགས་གཞན་ལ་བསྒྱུར་ན་བཀའ་དྲིན་ཆེ་ཞེས་གསུང་བཤད་གནང་། མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རྩེ་ཞིག་ཤེས་རབ་བསྟན་པའི་ཟླ་བ་མཆོག་གིས་ཞང་བོད་གདན་རབས་ཀྱི་དགེ་མཚན་དང་འདིའི་ནུས་པ་སོགས་མང་དུ་གསུངས། མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཤར་ཁོག་སྣང་ཞིག་སྤྲུལ་སྐུ་ཤེས་རབ་འོད་ཟེར་རྒྱལ་མཚན་མཆོག་གིས་དགེ་བཤེས་ཁོང་གིས་ང་ཚོ་གཡུང་དྲུང་བོན་ལ་སྔ་ན་མེད་པའི་ཟིན་ཐོ་གསར་བ་དང་ལོ་རྒྱུས་ངེས་ཅན་ཞིག་བཞག་ཡོད་ལ། མ་འོངས་པར་རྒྱ་ཡིག་དང་དབྱིན་ཡིག་གི་ཐོག་ཏུ་བསྒྱུར་ན་བཀའ་དྲིན་ཆེ་བའི་རིམ་པ་མང་པོ་གསུང་བཤད་གནང་།

11མཉམ་འབྲེལ་མཐུན་ཚོགས་ཀྱི་དྲུང་ཡིག་པ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་གིས་གསུང་བཤད་གནང་། མཉམ་འབྲེལ་མཐུན་ཚོགས་ཀྱི་དྲུང་ཡིག་པ་དབྲ་ཆུང་དགེ་བཤེས་སྐལ་བཟང་ནོར་བུ་མཆོག་གིས་གསུང་བཤད་གནང་། རྔ་བ་རྟོགས་ལྡན་དགོན་གྱི་ཉག་སྤྲུལ་བསོད་ནམས་རྒྱ་མཚོ་མཆོག་གིས་གསུང་བཤད་གནང་། སྣང་ཞིག་དགོན་ཆེན་གྱི་ཁྲི་ཟུར་བ་རྒྱལ་རོང་བསྟན་པའི་རྒྱལ་མཚན་མཆོག་གིས་གསུང་བཤད་གནང་། མདོ་སྨད་སྣང་ཞིག་དགོན་ཆེན་གྱི་ཁྲི་ཟུར་བ་མཆོག་སྤྲུལ་འཆི་མེད་གཡུང་དྲུང་མཆོག་གིས་གསུང་བཤད་གནང་། པན་ཙ་སྤྲུལ་སྐུ་བསྟན་འཛིན་དར་རྒྱས་མཆོག་གིས་གསུང་བཤད་གནང་། རྒྱལ་རོང་སྤ་ཚང་དགོན་པའི་རྒྱལ་ཚབ་སྤྲུལ་སྐུ་ནམ་མཁའ་མཆོག་གི་གསུང་བཤད་གནང་། མདོ་སྨད་སྣང་ཞིག་དགོན་ཆེན་གྱི་དཔོན་སློབ་སྤྲེལ་བཙུན་ཀུན་བཟང་ལྷུན་གྲུབ་མཆོག་གིས་གསུང་བཤད་གནང་། དགའ་མལ་དགོན་ཆེན་གྱི་དཔོན་སློབ་དགེ་བཤེས་ཤེས་རབ་མཐར་ཕྱིན་མཆོག་གིས་གསུང་བཤད་གནང་། ཁྱུང་མོང་དགོན་གྱི་དཔོན་སློབ་དགེ་བཤེས་བཟོད་པ་འགྱུར་མེད་མཆོག་གིས་གསུང་བཤད་གནང་། མཉམ་འབྲེལ་གྱི་མཐུན་ཚོགས་ཀྱི་དྲུང་ཆེ་གདོང་བཙུན་རྒྱ་ཐར་མཆོག་གིས་གསུང་བཤད་གནང་། མཉམ་འབྲེལ་མཐུན་ཚོགས་ཀྱི་དྲུང་གཞོན་རྟོགས་ལྡན་སྐལ་ཁོ་མཆོག་གིས་གསུང་བཤད་གནང་། མཉམ་འབྲེལ་མཐུན་ཚོགས་ཀྱི་དྲུང་ཡིག་པ་རིན་སྤུངས་ཚུལ་བསྟན་མཆོག་གིས་གསུང་བཤད་གནང་། བོན་བརྒྱ་དགོན་པའི་དཔོན་སློབ་དགེ་བཤེས་ཡེ་ཤེས་བློ་གྲོས་མཆོག་གིས་གསུང་བཤད་གནང་། སྟོན་པ་རང་འགྲུབ་དགོན་གྱི་བླ་མ་རིག་སྔགས་རྒྱ་མཚོ་མཆོག་གིས་གསུང་བཤད་གནང་། གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་ཚོགས་གཙོ་དགེ་བཤེས་གཡུང་དྲུང་བློ་གསལ་མཆོག་གིས་གསུང་བཤད་གནང་། རྒྱལ་རོང་བཤད་སྒྲུབ་སློབ་གླིང་གི་འགན་འཛིན་པ་དགེ་བཤེས་བསྟན་འཛིན་དབང་གྲགས་མཆོག་གིས་གསུང་བཤད་གནང་། སྣང་ཞིག་དགོན་ཆེན་གྱི་ཀྲུས་རིན་དཀོན་མཆོག་བསྟན་འཛིན་མཆོག་གིས་གསུང་བཤད་གནང་། རྔ་སྨད་ཅོག་ལོ་དགོན་གྱི་ཀྲུས་རིན་ཨ་ཁུ་རབ་ཀོ་མཆོག་གིས་གསུང་བཤད་གནང་། རྔ་སྨད་གདོང་ལི་དགོན་གྱི་ཀྲུས་རིན་ཨ་ཁུ་པད་མ་མཆོག་གིས་གསུང་བཤད་གནང་བ་སོགས་མདོར་ན་གདན་ཞུས་མི་སྣ་བརྒྱ་ཕྲག་ཙམ་ཞིག་དགྱེས་ཞལ་མཉམ་འཛོམས་བྱུང་སྟེ། དགེ་བའི་བཤེས་གཉེན་ཆེན་པོ་སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ་མཆོག་གི་མཛད་རྗེས་ལ་བཀའ་དྲིན་དང་རང་རེ་གཡུང་དྲུང་བོན་ཙམ་མ་ཟད་ཁ་བ་གངས་ཅན་པའི་རིག་གཞུང་ལ་ཁ་གསབ་སྔ་ན་མེད་པའི་ལོ་རྒྱུས་ཀྱི་རྡོ་རིང་གསར་དུ་བསླངས་སོང་ཞེས་ཞང་བོད་གདན་རབས་ཀྱི་དགེ་མཚན་མང་དུ་བརྗོད།12 མཚམས་དེ་ནས་ཁོང་གི་རླབས་ཆེན་གྱི་བྱ་བ་འདི་ལ་རྒྱབ་སྐྱོར་དང་རམས་འདེགས་བྱེད་པའི་མི་སྣ་རྣམས་ལ་བཀའ་དྲིན་མཚོན་བྱེད་ཀྱི་ལེགས་སྐྱེས་རེ་རེ་དགེ་བའི་བཤེས་གཉེན་དམ་པ་ཁོང་གིས་དངོས་སུ་གནང་། ཁོང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་མི་སྣ་གོང་ས་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་དང་། ཐེངས་འདིའི་གསུང་པོད་ལ་སྦྱི་བདག་གནང་མཁན་ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་རིན་པོ་ཆེ། ཁྱུང་པོ་སྟེང་ཆེན་གྱི་དགོན་གྱི་མཁན་རྒྱ་མཚོ་ནོར་བུ་རིན་པོ་ཆེ། ཤར་རྫའི་རི་ཁྲོད་ཀྱི་རྒྱལ་ཚབ་དང་མཁན་པོ་རྣམ་གཉིས། རྒྱལ་རོང་བསྟན་པའི་རྒྱལ་མཚན། བྱ་ཟེ་བླ་མ་ཤེས་རབ་གྲགས་པ། ཨ་ལགས་མང་ག རྒྱལ་རོང་སྤྲུལ་སྐུ་ནམ་མཁའ། ཨ་སྣང་པེ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་གཉན་མོ་འགྲུབ། ཞུ་དག་གནང་མཁན་གྱི་མི་སྣ་རྫ་ཚེ་དབང་བསྟན་འཛིན། ཡེ་ཤེས་བློ་གྲོས། ཀ་ཤུལ་བསོད་རིན། ལྷ་བུ་བློ་བཟང་། དགེ་བློ་གྲོས། འོབས་ཁ་བསམ་གཏན་སོགས་ལ་ཁོང་གིས་ཞང་བོད་གདན་རབས་ལས་རིགས་འདིའི་ཐོག་མཐའ་བར་གསུམ་དུ་བཀའ་དྲིན་ཆེ་བའི་ལེགས་སྐྱེས་རེ་རེ་བཞིན་གནང་།13 མཚམས་དེ་ནས་ཚོགས་ཐོག་འདིར་ཕེབས་པའི་བླ་སྤྲུལ་སྐྱེས་ཆེན་རྣམས་དང་དད་ལྡན་སེར་སྐྱ་སྟོང་ཕྲག་ལྷག་གིས་དགེ་བའི་བཤེས་གཉེན་ཆེན་མོ་སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ་མཆོག་ལ་བཀའ་དྲིན་མཚོན་བྱེད་ཀྱི་གོས་དར་དང་ལེགས་སྐྱེས་ཕུལ་ཏེ་བཀའ་དྲིན་རྒྱ་ཆེར་ཞུས། ལྷག་པར་སྣང་ཞིག་སྐྱབས་མགོན་མཆོག་གིས་སྣང་དགོན་འདུས་སྤྱིའི་ཚབ་བྱས་ཏེ་ལེགས་སྐྱེས་ཀྱི་ཤེས་ཚིག་དང་གོས་དར་བཅས་ཕུལ་ཏེ་བཀའ་དྲིན་ཞུས།14

15

དེ་ནས་སྒོ་རིགས་མཁན་པོ་ཤེས་རབ་གྲགས་པ་མཆོག་གིས་ཚོགས་འདུའི་མཇུག་བསྡུས་ཏེ། ཐེངས་འདིར་ས་ཐག་ཉེ་རིང་ཀུན་ནས་ཕེབས་པའི་སྐུ་མགྲོན་ཡོངས་ལ་བཀའ་དྲིན་དང་། ཁོང་གི་ལས་རིགས་འདི་ལ་ཐུགས་ཁུར་དང་གདེང་འཇོག་བྱས་པར་གུས་འདུད་ཞུ་བ་བཅས་ཁྱེད་ཅག་ཕྱིར་ཕེབས་པའི་ལམ་སྐབས་སུ་བྱ་བ་ལམ་འགྲོ་ཡོང་བ་དང་མ་འོངས་པར་ཁྱེད་ཅག་ལ་ཞབས་ཕྱི་བསྒྲུབ་པའི་ལྷག་བསམ་གཙང་མ་ཁོང་ལ་ཡོད་ཚུལ་སོགས་ཀྱིས་མཇུག་བསྡུས་པའོ།། དེ་ནས་ཚོགས་འདུ་ལྷན་རྒྱས་ཀྱིས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ཏེ་མཇུག་གྲུབ་པ་དང་། 16སྣང་དགོན་འདུས་སྤྱིའི་སྣེ་ལེན་ཁང་ནང་དུ་ཕེབས་ནས་གུང་ཇ་བཞེས་ཏེ་ཕྱི་དྲོ་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་ཉིས་ཐོག་གཤེན་རབ་རིག་གནས་གཏམ་གླེང་ཁང་དུ་༧གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ནས་ཐག་ཆོད་བྱས་པ་ལྟར་སྐབས་གཉིས་པའི་གཡུང་དྲུང་བོན་གྱི་གཡས་རུའི་འཆད་རྩོད་ཆེན་མོ་ ༢༠༡༨ ལོར་རྔ་བ་སྣང་ཞིག་དགོན་དུ་ཚོགས་རྒྱུར་གཏན་འཁེལ་བྱུང་དོན་ལྟར་གོ་སྒྲིག་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་ཚོགས་པ་རེད།སྣང་ཞིག་དགོན་ཆེན་གྱི་ངོས་ནས་༢༠༡༨ལོར་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ་སྣང་ཞིག་དགོན་ཆེན་དུ་འཚོགས་རྒྱུའི་སྔོན་འགྲོའི་ཚོགས་ཆུང་ཐེངས་དང་པོ་ཚོགས་པའོ།། དེ་ནས་ཕྱི་དྲོའི་ཆུ་ཚོད་ལྔ་ཙམ་གྱི་སྟེང་དུ་ཐེངས་འདིའི་ཚོགས་འདུར་ཕེབས་པའི་མི་སྣ་རྣམས་ཀྱི་དྲན་རྟེན་མཉམ་པར་བསྐྱོན་པ་དང་། 17དགོང་མོ་རྔ་བ་རྫོང་གི་མ་ཕམ་གཡུ་མཚོའི་སྤྲོ་སྐྱིད་གླིང་ནས་དགོང་ཟས་བཞེས་ཏེ་ཚོགས་འདུའི་མཇུག་རྒྱལ་ཁ་དང་བཀྲ་ཤིས་པའི་ངང་ནས་ཡོངས་སུ་གྲུབ་པ་ལགས་སོ།། དེ་ལྟར་ངེས་དོན་མཁས་པའི་དབང་པོ་དགེ་བའི་བཤེས་གཉེན་དམ་པ་སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ་མཆོག་གིས་བརྩམས་གནང་མཛད་པའི་གཡུང་དྲུང་བོན་གྱི་དགོན་སྡེ་དང་གནས་རི་འགང་ཆེན་དྲུག་བརྒྱ་ལྷག་གི་བྱུང་རབས་ལོ་རྒྱུས་དག་ཕྱོགས་གཅིག་ཏུ་བསྡུས་པའི་ཞང་བོད་གདན་རབས་ཞེས་པའི་དཔེ་དེབ་འདི་ལ་ཁྱད་བོན་བླ་ན་མེད་པ་ཞིག་ཡོད་པ་ནི། མི་ལོ་གཅིག་ཁྲི་ལྷག་གི་ལོ་རྒྱུས་ལྡན་པའི་ཞང་བོད་རིག་གནས་ལ་ཁ་གསབ་དང་། བོད་དང་བོད་ཆེན་པོའི་ལོ་རྒྱུས་ཁྲོད་ན་སྔ་ན་མེད་པའི་ཟིན་ཐོ་གསར་བ་ཞིག་བཀོད་ཡོད་ལ། དེ་ལས་ཀྱང་འབུར་དུ་ཐོན་པའི་དགེ་མཚན་ཏེ། སྔོན་གྱི་རང་གཞན་གྲུབ་མཐའ་ཀུན་ཀྱི་གདན་རབས་ལོ་རྒྱུས་དང་མི་འདྲ་བར་ཕྱོགས་ཞེན་དང་འཁྱོགས་བཤད་ཀྱི་རིགས་གཏན་ནས་སྤངས་ཤིང་། འོལ་ཚོད་དང་འུར་སྟོད་ཀྱི་རིགས་ཡེ་ནས་བྲལ་ཏེ་དགེ་བཤེས་ཆེན་མོ་ཁོང་གིས་མི་ལོ་ཧྲིལ་བོ་བཅུ་བཞིའི་རིང་དུ་སྐུ་ཚེགས་དང་དཀའ་ངལ་གང་ལ་མ་འཛེམས་པར་ས་གནས་སོ་སོའི་ཡུལ་དངོས་དངོས་སུ་འགྲིམས་ནས་བྲིས་པ་ནི་བོད་ཀྱི་ལོ་རྒྱུས་སྟེང་དུ་སྔ་ན་མེད་པའི་ལོ་རྒྱུས་ཀྱི་རྡོ་རིང་གསར་བ་ཞིག་བསླངས་པ་ཅི་ལ་མིན་ཏེ་ཡིན་ངེས་སོ།། དེ་བཞིན་ཞང་བོད་གདན་རབས་ཞེས་པའི་དཔེ་དེབ་འདིའི་ནང་གི་བརྗོད་དོན་རྣམས་གཟིགས་པ་པོའི་རྟོགས་སླ་བའི་ཆེད་དུ་དགོན་ཁག་རེ་རེའི་པར་རིས་བཀོད་དེ་ས་གནས་སོ་སོའི་རྫོང་ཁག་དང་དགོན་པའི་བར་དུ་སྤྱི་ལེ་དུ་ཡོད། རྒྱ་མཚོའི་ངོས་ནས་ས་གཞིའི་མཐོ་ཚད། ཞིང་ཆེན་གང་གི་མངའ་འོག་ཏུ་འདུས་ཚུལ་སོགས་དེང་རབས་ཀྱི་འགྲོས་དང་བསྟུན་པའི་སྒོ་ནས་གསལ་བོ་དག་པོ་བྱས་ཡོད་པ་ནི་མ་འོངས་ལོ་རྒྱུས་སྨྲ་བའི་སྐྱེས་བུ་དག་ལ་གསལ་འདེབས་དང་དགེ་བའི་བཤེས་གཉེན་ཆེན་མོ་ཁོང་གིས་བརྩམས་པའི་ཞང་བོད་གདན་རབས་ཀྱི་དགེ་མཚན་ཟུར་ཙམ་ཞུས་པའོ།། ཞེས་དགེ་བའི་བཤེས་གཉེན་ཆེན་མོ་སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ་མཆོག་གི་གསུང་གི་བདུད་རྩི་ཡུན་རིང་མྱོང་པའི་གུས་སློབ་ལྷ་བུ་བློ་བཟང་གིས། སྤྱི་ལོ༢༠༡༥ལོའི་སྤྱི་ཟླ༣ཚེས་༨ཉིན།

༼པར་རིས་མཁོ་འདོན་གནང་མཁན་དགེ་བཤེས་གཡུང་དྲུང་བསམ་གཏན་དང་དགེ་བཤེས་འཇམ་མེ་སོགས།༽

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།