དཔལ་ཁྲི་བརྟན་ནོར་བུའི་རྩེའི་དགེ་བཤེས་མཛད་སྒོ་དང་གསོ་རིག་སློབ་ཐོན་མཛད་སྒོའི་སྐོར།

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་སྐབས་བརྒྱད་པའི་དགེ་བཤེས་མཛད་སྒོ་ཆེན་མོ་དང་། སྔར་སྲོལ་གསོ་རིག་འབུམ་བཞི་སློབ་གྲྭའི་སྨན་པ་བཀའ་བཅུ་པའི་སློབ་ཐོན་མཛད་སྒོའི་གནས་ཚུལ་ཉུང་འདུས།

རྩོམ་པ་པོ། ཏི་སེའི་བུ།

1

ཡོངས་འཛིན་སྨྲ་བའི་སེང་གེའི་ཞལ་ནས། “སངས་རྒྱས་ཀྱི་བསྟན་པ་ཟེར་བ་དེ་ཆགས་སྡང་རྨོངས་གསུམ་གྱིས་མི་ཟིན་པར། བསླབ་གསུམ་ཉམས་ལེན་གྱིས་འཛིན་དགོས་”ཞེས་གསུངས་པ་བཞིན། རྫོགས་པའི་སངས་རྒྱལ་བ་གཤེན་རབ་མི་བོའི་བསྟན་པ་རིན་པོ་ཆེ་འདི་ཉིད་གྲུབ་མཐའི་ཆགས་སྡང་གི་རྩོད་པ་དང་། རྨོངས་ཞེན་ཨུ་ཚུགས་མཁྲེག་འཛིན་ཙམ་གྱིས་འཛིན་མི་ཐུབ་པར།བསླབ་གསུམ་དགེ་འདུན་གྱི་སྡེ་བཙུགས་ནས་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྲེག་བཅད་བརྡར་བའི་གསེར་བཞིན་དུ་རྣམ་འདྲེན་རྒྱལ་བའི་བཀའ་གསུང་དྲི་མ་མེད་པའི་དགོངས་དོན་གྱི་སྙིང་པོ་ལེན་པ་ནི། རྒྱལ་སྲས་གཡུང་དྲུང་སེམས་དཔའི་རྣམ་ཐར་ལགས་པས་ན། ངེས་ལེགས་ཀྱི་གོ་འཕང་དོན་དུ་གཉེར་བ་ཀུན་གྱིས་བླང་བྱའི་མཆོག་ཡིན་པ་གཞིར་བཟུང་སྟེ། ཞྭ་དཀར་བསྟན་པའི་གཙུག་རྒྱན༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་ཕན་བདེའི་གཞི་རྩ་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་ནུབ་མེད་སྲིད་མཐའི་བར་དུ་གནས་པ་དང་། དེ་ལ་བརྟེན་ནས་བལ་བོད་མི་རིགས་ཀྱིས་མཚོན་པའི་འགྲོ་དྲུག་སེམས་ཅན་ཀུན་ཀྱང་ནད་མུག་འཁྲུག་རྩོད་ཞི་ཞིང་བླ་མེད་རྫོགས་བྱང་གི་གོ་འཕང་ཐོབ་པའི་རྒྱུ་རུ་དགོངས་ཏེ། དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་དགོན་སྡེ་འདི་ཉིད་ཕྱག་བཏབས་མཛད་པ་དང་། དགོན་སྡེའི་བྱ་བཞག་གཙོ་བོ་རྒྱལ་བ་གཤེན་རབ་མི་བོའི་བཀའ་དང་དེ་ལ་བརྟེན་ནས་མཛད་པའི་ཞང་བོད་ལོ་པཎ་རྣམས་ཀྱིས་གསུངས་པའི་སྔར་སྲོལ་ཐུན་མིན་གབ་མཛོད་ས་གསུམ་གྱི་གཞུང་ཆེན་ཡིག་ཆ་ཁག་གཙོས་མདོ་སྔགས་རིག་པའི་གནས་བཅས་ལ་ཐོས་བསམ་འཆད་ཉན་དང་། བརྒལ་བརྟགས་དྲི་རྩོད། ལོ་འཁོར་གྱི་བྲིས་རྒྱུགས་དང་རྩོད་རྒྱུགས། བགྲོ་གླེང་། དམ་བཅའ་སོགས་ཚུལ་མཐུན་གནང་སྟེ་ལོ་གྲངས་གི་བཅད་མཚམས་ཟིན་པའི་གནས་སྐབས་སུ། འདི་ག་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གླིང་གི་བཤད་སྒྲུབ་འདུས་སྡེའི་ཁོངས་ནས་ཆེ་འདོན་དང་མཚན་རྟགས་གནང་བའི་ལུགས་སྲོལ་ཡོད་པ་ལྟར། སྤྱི་ལོ་༢༠༡༥། ༢། ༢༤་ཉིན་བོད་ཤིང་འབྲུག་ལོའི་ཟླ་༡ཚེས་༦ཉིན་ནས་བཟུང་བཀའ་རམས་པ་འགོ་ཚང་དྲང་སྲོང་ཤེས་རབ་ཉི་མ་ཀུན་གསལ། མཁར་ཧོ་དྲང་སྲོང་ཁྲི་གཙུག་བསྟན་འཛིན་ཡོན་ཏན། ཁྱུང་པོ་ཚང་དྲང་སྲོང་སྐལ་བཟང་རྣམ་དག་ཕྲིན་ལས། འོར་འགབ་ཚང་དྲང་སྲོང་བསྟན་པ་གཡུང་དྲུང་དར་རྒྱས། འཚམ་རིང་དྲང་སྲོང་ཤེས་རབ་གཡུང་དྲུང་འགྱུར་མེད། ཤག་ཚང་དྲང་སྲོང་ཤེས་རབ་རྒྱལ་མཚན་བཅས་བཀའ་རམས་པ་དྲུག་པོ་བཤད་སྒྲུབ་འདུས་པའི་སྡེ་ལ་ཞུགས་ནས་མི་ལོ་བཅུ་ཕྲག་ལྷག་གི་རིང་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་དང་རིག་པའི་གནས་བཅས་ལ་སྦྱོང་བརྩོན་ཚུལ་མཐུན་ཞུས་པའི་འབྲས་རྟགས་སུ། སྐལ་བཟང་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་པའི་མཛད་སྒོ་དངོས་སུ་བསྐྱངས་ཏེ། བསྙེན་བཀུར་གཏོང་སྒོ་ཆེན་མོ་དང་སྦྲགས། དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་མཁན་སློབ་འདུས་པ་རྒྱ་མཚོའི་དབུས་སུ་སྔོན་འགྲོའི་བཤད་རྒྱུགས་དང་།དངོས་གཞིའི་ངག་རྒྱུགས།རྩོད་རྒྱུགས་དམ་བཅའ་ཆེན་མོ་བཅས་རིམ་པར་སོང་བ་དང་། བོད་ཟླ་༡། ཚེས་༡༥་ཕྱག་ཚོད༡། ༣༠། ༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ།དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ།སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ།དེ་བཞིན་བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་མཆོགབཤད་སྒྲུབ་སློབ་དཔོན་དགེ་བཤེས་བློ་གྲོས་གཙུག་ཕུད་རྣམ་པ་དབུ་བཞུགས་ཐོག དགེ་འདུན་མང་ཚོགས་དང་། ས་གནས་ཀྱི་དཔོན་རིགས་དང་ལྷ་སྡེ་མི་མང་བཅས་གཙུག་ལག་ཁང་དུ་འཛོམས་ནས། སྐྱབས་རྗེ་དཔོན་སློབ་རིན་པོ་ཆེས་དགེ་བཤེས་མཚན་གསོལ་གྱི་ཚིག་བཤད་གསུངས་ནས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་གསོལ་ཏེ་མཆོད་ཚིག་དང་། བཀྲ་ཤིས་ཚིག་བཀྲ་གསུང་རྗེས་སུ། སྐལ་བཟང་དགེ་བའི་བཤེས་གཉེན་གྱི་ཕྱག་རྟགས་བཞེས་པའི་མཛད་སྒོའི་སྐབས་དང་བསྟུན། ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་བཀའ་སློབ་གསུང་དོན། བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་རྣམ་པ་གཙོར་བྱས་པའི་ཚང་མ་ལ་ངས་ཚིག་ཀ་ཁ་ཤས་ཤིག་ཞུ་རྒྱུ་ཡོད། ད་ལན་མི་ལོ་བཅུ་བཞི་བཅོ་ལྔ་ལ་སྦྱངས་བཞག་པའི་འབྲས་བུ་ཐོབ་པའི་རྩིས་རེད། འགྲོ་མགོན་བློ་གྲོས་ཀྱིས་བཅའ་ཡིག་ནང་ལས་གསུངས་པ་བཞིན”བསྒྲུབ་བྱ་གང་དང་གང་ཡིན་པ་དེ་བསྒྲུབ་པའི་གྲུབ་འབྲས་ཆེ་རྟགས”་ཐོན་པ་རེད། ཡིན་ན་གཡུང་དྲུང་བོན་གྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ཡིན་དུས་སྦྱང་ཚར་འགྲོ་རྒྱུ་ཡོད་མ་རེད། རང་རང་སོ་སོས་འཇོན་པ་ཡིན་ན་གང་ལ་གང་དགོས་ནོར་བུའི་གླིང་ལྟ་བུ་ཕུན་སུམ་ཚོགས་པ་ཉམས་སུ་ལེན་རྒྱུ་ཡོད་པ་རེད། དགེ་བའི་བཤེས་གཉེན་བཞེངས་པའི་དགོས་པ་གཙོ་བོ་སངས་རྒྱས་ཀྱི་བསྟན་པ་དང་། སེམས་ཅན་གྱི་བདེ་སྐྱིད་ལ་ཕན་ཐོག་དགོས་རེད། དུས་སྐབས་འཕོ་འགྱུར་སྣ་ཚོགས་ཕྱིན་ཀྱང་གོང་མའི་ལུགས་སྲོལ་ཡོད་བསྡད་པ་དེ་མ་འོངས་པ་ལ་འདི་དང་འདི་ཞེས་ཆགས་འཇོག་ས་ཡོད་པ་ཞིག་ཤེས་དགོས་རེད་མ་གཏོགས་ཆ་ལེ་ཆོ་ལེ་བྱེད་རྒྱུ་ཡོད་མ་རེད། གྲུབ་འབྲས་ཐོན་པ་དེ་ཆུད་ཟོས་སུ་གཏོང་ཉེན་མ་རེད། གྲུབ་འབྲས་ཐོན་ས་དེ་བརྗེད་ཉེན་མ་རེད། དེ་ཐུགས་ལ་འཇོག་རོགས།ཞེས་སོགས་གསུངས།ཕྱག་ཚོད་༣་ཐོག་འདུལ་ཆོག་གི་སྒོ་ནས་ཁྲུས་གསོལ་དང་གླུད་ཡས་བཀར་བ་སྨོན་ལམ་བཅས་གསུངས་ནས། ”བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་སྐལ་པ་བཟང་།” ཞེས་ཀུན་གྱིས་མགྲིན་གཅིག་ཏུ་འབོད་བཞིན་དགེ་བཤེས་ཁྲི་བཞེངས་ཀྱི་མཛད་སྒོའི་ཚོམ་ཆེན་དུ་གདན་དྲངས་ནས་འདུས་མང་དང་འབྲེལ་ཡོད་ལྷ་སྡེ་མི་མང་ཡོངས་ཀྱིས་མཇལ་དར་དང་མཐུན་འགྱུར་ཕན་ཐོག་བཅས་ཕུལ་ནས་སྐལ་བཟང་མཛད་སྒོ་དེ་ཉིད་ལེགས་གྲུབ་བྱུང་་བ་དང་།
2
3
སྤྱི་ལོ་༢༠༡༥། ༣། ༧། བོད་ཟླ་༡། ༡༦།ཉིན་གྱི་ཕྱག་ཚོད་༡༠ཐོག་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་སྔར་སྲོལ་གསོ་རིག་འབུམ་བཞིའི་སྨན་པ་བཀའ་བཅུ་པ་བཞེངས་པའི་མཛད་སྒོ་དངོས་སུ་བསྐྱངས་ཏེ། སྐྱབས་རྗེ་མཁན་སློབ་རྣམ་པ་དབུས་པའི་སྐྱབས་གནས་དགེ་འདུན་པའི་སྡེ་དང་། གངས་ཅན་བདེ་རྩ་དབུ་འཛིན་དང་། ཧི་མ་ལ་ཡི་ཨེམ་ཇེ་ཚོགས་པའི་ཚོགས་གཙོ། བལ་ཡུལ་སྭོལ་ཧི་མ་ལ་ཡའི་དབུ་འཛིན་སོགས་ཚོགས་སྡེ་ཁག་གི་འཐུས་ཚབ་དང་། འབྲེལ་ཡོད་སྦྱིན་བདག་དང་སྐུ་མགྲོན་རྣམ་པ་མཛད་སྒོའི་ཚོམ་ཆེན་ཁང་དུ་འཛོམས་ནས་ཚོགས་འདུའི་གཙོ་སྐྱོང་བ་དོན་གྲུབ་རྒྱལ་མཚན་ལགས་ཀྱིས་ཚོགས་འདུའི་ངོ་སྤྲོད་གནང་བ་དང་། གསོ་རིག་འབུམ་བཞིའི་སློབ་སྤྱི་རྩ་འཛིན་སློབ་དཔོན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་ལགས་ཀྱིས་སྤྱིར་བཏང་སྟོན་པ་སངས་རྒྱས་ནས་ད་ལྟའི་བར་གསོ་རིག་གི་བྱུང་རིམ་དང་གནས་སྟངས། བྲེ་བྲག་ཏུ་ཁྲི་བརྟན་ནོར་བུའི་རྩེའི་གསོ་རིག་སློབ་གྲྭ་འཛིན་སྐྱོང་བྱེད་ཕྱོགས་སྐོར་དང་། སྨན་དཔྱད་ལག་ལེན་གྱི་ཐད་ནས་སྤྱི་ཚོགས་ལ་དངོས་འབྲེལ་ཕན་ཐོག་ཡོད་ཚུལ་སྐོར་ནས་ངོ་སྤྲོད་ཟབ་རྒྱས་གནང་རྗེས་སུ། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་སྐབས་བབ་ཀྱི་བཤད་ཁྲིད་དང་ལག་ལེན་སོགས་ཚུལ་བཞིན་སྦྱངས་ནས་ལོ་གྲངས་ཀྱི་བཅད་མཚམས་ཟིན་པའི་སློབ་ཐོན་པ་འོམ་གློ་བ་ཚེ་རིང་ནོར་བུ་མཆོག་ལ་སྨན་པ་བཀའ་བཅུ་པའི་ཕྱག་རྟགས་བསྩལ།
4 5

དེ་ནས་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་ནས་སྨན་དགེ་ཞིང་གཤེགས་དམ་པ་དང་། གསོ་རིག་སློབ་སྤྱི་དགེ་བཤེས་ཞིང་གཤེགས་དམ་དག་གི་བཀའ་དྲིན་རྗེས་དྲན་དང་། ཐུགས་རྗེ་ཆེ་ཞུ་དང་འབྲེལ་བའི་གསུང་བཤད་གནང་སྟེ། བཀའ་བཅུ་པ་ཚེ་རིང་ནོར་བུ་ལ་འདུས་མང་དང་འབྲེལ་ཡོད་མི་མང་རྣམས་ཀྱིས་བཀྲ་ཤིས་ལྷ་དར་དང་མཐུན་འགྱུར་གསོལ་རས་བཅས་ཕུལ་ནས་མཛད་རིམ་མཇུག་གྲུབ་པའི་གནས་བསྡུས་སུ་ཏི་སེའི་བུ་ནས་སྤེལ།
6

མཁོ་སྤྲོད་གནང་མཁན་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་ཀུན་ཁྱབ་ཡིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།