དཔེ་ཚོམས་༼ཧི་མ་ལ་ཡའི་ཤེས་རིག་༽པར་དུ་བསྐྲུན་པ།

དཔེ་ཚོམས་༼ཧི་མ་ལ་ཡའི་ཤེས་རིག་༽པར་དུ་བསྐྲུན་པ།

རྩོམ་པ་པོ། རིན་སྤུངས་ཚུལ་བསྟན། རྩོམ་ཁུངས། ཧི་མ་ལ་ཡའི་བོན།

ཉག་རོང་ཡེ་ཤེས་དགོན་པའི་སེང་གེ་སྤྲུལ་སྐུ་རིག་འཛིན་ཉི་མ་མཆོག་གིས་རྒྱ་ཡིག་ལམ་ནས་བྲིས་པའི་༼ ཧི་མ་ལ་ཡའི་ཤེས་རིག ༽ཞེས་པའི་དཔེ་ཚོམས་དེབ་དྲུག་ཅན་ཞིག་༼པེ་ཅིང་མཛེས་རིས་པར་སྐྲུན་ཁང་༽གིས་པར་བསྐྲུན་གནང་ནས་འགྲེམ་སྤེལ་གནང་བ།01

《ཧི་མ་ལ་ཡའི་ཤེས་རིག་》ཅེས་པའི་དཔེ་ཚོགས་དེབ་དྲུག་བདག་ཉིད་ཅན་འདི་ནི་ཉག་རོང་ཡེ་ཤེས་དགོན་པའི་སེང་གེ་སྤྲུལ་སྐུ་རིག་འཛིན་ཉི་མ་མཆོག་གིས་ལོ་དུ་མ་རིང་ལ་དཀའ་བ་ཁྱད་དུ་བསད། ངལ་བ་དམ་དུ་ལེན་པའི་སྒོ་ནས་བྲིས་པའི་དཔེ་ཚོམས་ཞིག་ཡིན།

02
རྩོམ་པ་པོ་སེང་གེ་སྤྲུལ་སྐུ་རིག་འཛིན་ཉི་མ།

དཔེ་ཚོགས་འདི་དག་ནི་རྒྱ་ཡིག་ཐོག་ནས་བྲིས་པ་ཞིག་ཡིན་ལ། ལོ་རྒྱུས་སྟེང་ནས་བཤད་ན་དེང་དུས་རབས་གསར་བ་ནང་དུ་ཐེངས་དང་པོ་གཡུང་དྲུང་བོན་གྱི་སྤྲུལ་སྐུ་ཞིག་གིས་རྒྱ་ཡིག་ཐོག་ནས་བྲིས་ནས་དཔེ་ཚོམས་ཐོག་མར་ཆགས་ཡོད། 《ཧི་མ་ལ་ཡའི་ཤེས་རིག་》ཅེས་པའི་དཔེ་ཚོམས་འདིའི་མཚན་ནི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་གཙོ་ཟུར་བ་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག་པེ་ཅིང་མི་རིགས་སློབ་གྲྭ་དཔེ་ཁྲིད་གནང་སྐབས་སུ་དེབ་ཚོམས་ཀྱི་མཚན་འདི་གནང་བ་དང་། ཕྱིས་སུ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་བ་ཡེ་ཁྲན་(一诚法师)གྱིས་རྒྱ་ཡིག་ཐོག་ནས་(喜马拉雅的智慧)ཧི་མ་ལ་ཡའི་ཤེས་རིག་ཅེས་བྲིས་ནས་བསྔགས་བརྗོད་བཅས་གནང་བ་དང་། དེ་བཞིན་ཨ་ལགས་བོན་བརྒྱ་རིན་པོ་ཆེ་དང་། ཨ་ལགས་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ། རྟོགས་ལྡན་ཁྲི་པ་རིན་པོ་ཆེ། སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེ། སྣང་ཞིག་མཁན་པོ་ནམ་མཁའ་ཚུལ་ཁྲིམས་རིན་པོ་ཆེ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པའི་གླིང་གི་གླིང་གཙོ་དགེ་རྒན་ཆེན་མོ་ཚེ་རིང་ཐར་སོགས་བསྟོད་བསྔགས་ཕྱག་བྲིས་བཅས་གནང་ངོ་། །

03
《རྫོགས་པ་ཆེན་པོ་ཉམས་ལེན་》

དེབ་དང་པོ་ནི་《རྫོགས་པ་ཆེན་པོ་ཉམས་ལེན་》ཞེས་པ་དེའི་བརྗོད་བྱ་གཙོ་བོ་ནི་བོན་གྱི་རྫོགས་པ་ཆེན་པོའི་འབྱུང་ཁུངས་དང་། བརྒྱུད་རིམ། གཞུང་སྡེ་དབྱེ་བ། འོད་གསལ་རྨི་ལམ་སྐོར། རྫོགས་ཆེན་སྔོན་འགྲོའི་སྐོར། སེམས་འཚོལ་གྱི་རྣམ་བཞག རྫོགས་ཆེན་ཉམས་ལེན་བྱེད་སྟངས། ཁྲེགས་ཆོད་ཀྱི་རྣམ་བཞག་རྒྱས་པ་དང་། ཐོད་རྒལ་གྱི་རྣམ་བཞག་མདོར་བསྟན་པ། ཐིག་ལེ་ཞེ་ལྔའི་དབྱེ་བ། ཉེར་མཁོ་འཕོ་བའི་རྣམ་བཞག་སྐོར་བཅས་ཀྱི་དེབ་གཅིག་ཡིན།

04
《བསམ་གཏན་འགོག་སྙོམས་ལམ་ཕྱོགས་》

དེབ་གཉིས་པ་ནི་《བསམ་གཏན་འགོག་སྙོམས་ལམ་ཕྱོགས་》ཞེས་པ་དེའི་བརྗོད་བྱ་གཙོ་བོ་ནི་ལུས་ཀྱི་གནས་སྟངས། སེམས་བདེ་བ་གནས་སྟངས། ཞི་གནས་སེམས་དགུའི་རྣམ་བཞག ཞི་གནས་ཀྱི་རྣམ་བཞག་རྒྱས་བཤད། བསམ་གཏན་ལ་མཉམ་པར་འཇོག་ཚུལ། སེམས་གནས་བརྒྱད་ཀྱི་རྣམ་བཞག འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསམ་གཏན་གྱི་རྣམ་བཞག་རྒྱས་བཤད། བསམ་གཏན་ལ་བརྟེན་ནས་རྩ་མདུད་གྲོལ་ཚུལ། ཉན་ཐོས་ཀྱི་བསམ་གཏན་དང་ཐེག་ཆེན་གྱི་བསམ་གཏན་རྣམ་བཞག་ལ་སོགས་བསྟན་པའི་དེབ་གཅིག་ཡིན།

05
《བྱང་ཆུབ་སེམས་གྱི་རྣམ་བཞག་》

དེབ་གསུམ་པ་ནི་《བྱང་ཆུབ་སེམས་གྱི་རྣམ་བཞག་》སྟོད་ཆ་ཞེས་པ་དེའི་བརྗོད་བྱ་གཙོ་བོ་ནི་བྱང་ཆུབ་དང་བྱང་ཆུབ་སེམས་ཀྱི་དབྱེ་བ། སེམས་བསྐྱེད་དང་བྱང་ཆུབ་སེམས་ཀྱི་དབྱེ་བ། ཚད་མེད་བཞིའི་དབྱེ་བ། རྒྱུ་འབྲས་མན་ངག་བདུན་ལ་བློ་སྦྱོང་ཚུལ་དང་། བྱང་ཆུབ་སེམས་ཀྱི་དབྱེ་བ་བཅུའི་རྣམ་བཞག་རྒྱས་པ་བཤད་པ་དང་། སྨོན་འཇུག་སེམས་བསྐྱེད་ཀྱི་བསླབ་བྱ་རྒྱས་པར་བཤད་པ་སོགས་བསྟན་པའི་དེབ་གཅིག་ཡིན།

06
《བྱང་ཆུབ་སེམས་གྱི་རྣམ་བཞག་》

དེབ་བཞི་པ་ནི་《བྱང་ཆུབ་སེམས་གྱི་རྣམ་བཞག་》སྨད་ཆ་ཞེས་པ་དེའི་བརྗོད་བྱ་གཙོ་བོ་ནི་བོན་རང་ལུགས་ལྟར་ཐུགས་རྗེ་སེམས་དཔའ་དང་གཡུང་དྲུང་སེམས་དཔའ་ལུགས་གཉིས་ཀྱི་བྱང་ཆུབ་སེམས་ཀྱི་བསླབ་བྱ་རྒྱས་པ་བཤད་དང་། ཕ་རོལ་ཕྱིན་པ་དྲུག་གི་རྣམ་བཞག་མདོར་བསྟན་པ་དང་། རྒྱས་པ་བཤད་པ། མདོར་བསྡུ་བ་བཅས་གསུམ་གྱི་སྒོ་ནས་བསྟན་པའི་དེབ་གཅིག་ཡིན།

07
《སངས་ཆོས་དང་མི་ཚེ་》

དེབ་ལྔ་པ་ནི་《སངས་ཆོས་དང་མི་ཚེ་》ཞེས་པ་དེའི་བརྗོད་བྱ་གཙོ་བོ་ནི་སངས་རྒྱས་གཡུང་དྲུང་བོན་དང་འགྲོ་བ་མིའི་ཚེ་སྲོག་བར་གྱི་འབྲེལ་བ་གནས་ཚུལ་སྐོར་དང་། སངས་རྒྱས་གཡུང་དྲུང་བོན་དེ་ཚེ་འདི་དང་ཕྱི་མའི་བདེ་བ་ཕྱོགས་རེས་བ་ཞིག་སྒྲུབ་བྱེད་ཙམ་མ་ཡིན་པར་ཚེ་འདི་ཕྱི་གཉིས་ཀྱི་ཕན་བདེ་ལེགས་ཚོགས་ཐམས་ཅན་གྱི་འབྱུང་གནས་ཡིན་ཚུལ་སྐོར་རྒྱས་པར་བཤད་པ་དང་། འགྲོ་བ་མིའི་ལུས་ཁམས་དང་བོན་བར་གྱི་འབྲེལ་བ་དང་། ཚེ་སྲོག་དབང་ཐང་དང་བོན་བར་གྱི་འབྲེལ་བ། ཚེ་ཕྱི་མ་བདེ་བའི་འབྲས་བུ་དང་བོན་བར་གྱི་འབྲེལ་བ་བསྟན་པའི་དེབ་གཅིག་ཡིན།

08
《རང་གི་སེམས་འཚོལ་བའི་ལམ་ཕྱོགས་》

དེབ་དྲུག་པ་ནི་《རང་གི་སེམས་འཚོལ་བའི་ལམ་ཕྱོགས་》ཞེས་པ་དེའི་བརྗོད་བྱ་གཙོ་བོ་ནི་སངས་རྒྱས་གཡུང་དྲུང་བོན་ནམ་དགེ་བའི་སེམས་ཀྱི་སྒོ་ནས་འཛམ་གླིང་ཞི་བདེ་སྒྲུབ་དགོས་ཚུལ་དང་། གཡུང་དྲུང་བོན་ལ་བརྟེན་ནས་རང་སེམས་དགེ་བར་འགྱུར་ཚུལ། གཡུང་དྲུང་བོན་ལ་བརྟེན་ནས་གནས་ལུགས་ཀྱི་དོན་རྟོགས་ཚུལ། གཡུང་དྲུང་བོན་ལ་བརྟེན་ནས་ཁྱིམ་ཚང་བདེ་ཐབས་འབྱུང་ཚུལ། གཡུང་དྲུང་བོན་ལ་བརྟེན་ནས་ལུས་ཁམས་བདེ་བར་འབྱུང་ཚུལ། གཡུང་དྲུང་བོན་ལ་བསྟེན་ནས་འགྲོ་བ་བདེ་བར་འབྱུང་ཚུལ། གཡུང་དྲུང་བོན་ལ་བརྟེན་ནས་ལུས་གཙང་སེམས་བདེ་བའི་སྒོ་བདེ་བ་ཆེན་པོའི་སར་བགྲོད་ཚུལ། གཡུང་དྲུང་བོན་ལ་བསྟེན་ནས་མཐར་ཐུག་སྐུ་གསུམ་སངས་རྒྱས་ཀྱི་གོང་འཕང་བཅས་བསྟན་པའི་དེབ་གཅིག་ཡིན།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།