བོད་ཀྱི་གསོ་རིག་བསྟན་པའི་གཏམ་བཟང་།

བོད་ཀྱི་གསོ་རིག་བསྟན་པའི་གཏམ་བཟང་།
དབྲ་ཁྱུང་སྐལ་བཟང་ནོར་བུ།

      གསོ་རིག་འབུམ་བཞིའི་གཞུང་དོན་གྱི་རིན་ཆེན་ལྕགས་ཁམས་ཐལ་བཟོ་དང་སྨན་མཆོག་འབྲི་ཏ་བཙོ་མའི་ཁྲིད་རྒྱུན། ལག་ལེན་དངོས་ཀྱི་ཟབ་སྦྱོང་འཛིན་གྲྭ་ཞིག   ཞང་ཞུང་སྒོ་པའི་ཡུལ་ལྗོངས་ཁྱུང་བོ་སྟེང་ཆེན་རྫོང་ཁོངས་སུ་ལེགས་གྲུབ་བྱུང་བའི་རྟེན་འབྲེལ་བཟང་བོ་དེ་ནི་ཉེ་ཆར་མདོ་ཁམས་དངུལ་རྫ་ཟལ་མོའི་སྒང་སྟོད། གནས་ཆེན་སྤུ་རྒྱལ་གངས་བཟང་དང་ཉེ་བའི་ས་ལ། ཞིང་དེར་བསྟན་འཛིན་སྐྱེས་ཆེན་དུ་མ་འབྱུང་བའི་ཡུལ། སྔོན་བྱོན་མཁས་དབང་རྒྱུ་སྐར་ཕྲེང་བ་ལྟ་བུའི་ཕ་ས། རྒྱལ་གཤེན་བསྟན་པའི་དགོན་སྡེ་ཆེན་མོ། མར་ཁུ་དགོན་གཡུང་དྲུང་དར་རྒྱས་གླིང་དེར་ཐོག་མར་སངས་རྒྱས་སྨན་ལྷའི་སྒྲུབ་པ་མགོ་བརྩམས། བོན་སྐྱོང་སྲུང་མའི་ཚོགས་ལ་བསང་གསོལ་དང་། འཕྲིན་བཅོལ་ལེགས་པར་བགྱིས་ཏེ་དུས་ཡུན་ཟླ་བ་གཅིག་དང་ཕྱེད་ཀའི་རིང་བོད་ཀྱི་གསོ་བ་རིག་པའི་གཞི་མའམ་མ་ཕྱི། གསོ་རིག་འབུམ་བཞིའི་ནང་ཚན། དག་པའི་སྨན་འབུམ་དཀར་པོའི་ནང་ནས། རིན་ཆེན་ཐལ་བཟོ་དང་། དངུལ་ཆུ་འདུལ་སྦྱངས་ཀྱི་གཞུང་དོན་གཞིར་བཟུང་ཐོག ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་སྨན་གཞུང་། རྒྱུད་འབུམ་བྱེ་བའི་ཡོངས་བཅུད་བཟོ་ཐབས་པ་ཏྲའི་འཕྲུལ་འཁོར་གྱི་ལག་ལེན། དེ་དག་མྱོང་རྒྱུད་ལྡན་པའི་མཁས་དབང་བསྟན་འཛིན་དབང་གྲགས་རིན་པོ་ཆེའི་ཕྱག་ལེན་དང་། མདོ་ཁམས་གསོ་བ་རིག་པའི་བསྟན་ལ་བཀའ་དྲིན་ཅན་གྱི་རྒྱུད་ལྡན་འཚོ་བྱེད་ཆེན་མོ་བ། སྒང་སར་གཡུང་དྲུང་ཉི་མ་མཆོག་གིས་ཕྱོགས་ཕན་མྱོང་ཁྲིད་ཀྱི་ཁ་བསྐང་བགྱིས་ཏེ་ཁྱུང་བོ་སྟེང་ཆེན་ཁུལ་གྱི་བོད་རིགས་སྨན་པ་སུམ་ཅུ་རྩ་ལྔ་ལྷག་ཙམ་ལ་རིན་ཆེན་ལྕགས་ཁམས་ཐལ་བཟོ་དང་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་ཇི་བཞིན་རྐང་འཛིན་པའི་དངོས་སྦྱོང་གི་ཆུ་ཚད་ལྡན་པའི་སྦྱངས་འབྲས་རབ་ཏུ་དུད་པའི་རྟེན་འབྲེལ་བཟང་བོ་ལ་སྟེང་ཆེན་རྫོང་མི་དམངས་སྲིད་གཞུང་དང་། རྫོང་འཕྲོད་བསྟེན་ཁང་། གངས་ཤང་མི་དམངས་སྲིད་གཞུང་དང་དེ་གའི་ལྷ་སྡེ་ཡོངས་ཀྱིས་ལས་ཀ་འདིར་ཐུགས་ཁུར་དང་འོས་སྦྱོར་རྒྱ་ཆེན་གནང་བར་ཁོང་རྣམ་པར་བཀའ་དྲིན་བླ་ལྷག་ཏུ་ཞུ་འོས་དང་། གཞན་ཡང་སྐབས་དེར་སྨན་སྦྱོར་ཕྱག་ལེན་དངོས་སུ་བསྟར་བ་པོ་མི་རེ་ངོ་རེའི་ཐོག་ལག་ལེན་དངོས་སྦྱོང་གི་རྒྱུགས་ཚད་བླངས་ནས། རྫོང་འཕྲོད་བསྟེན་ཁང་དང་རྫོང་མི་དམངས་སྨན་ཁང་། གསོ་རིག་སློབ་དཔོན་ཆེན་མོ་བ་སྒང་སར་གཡུང་དྲུང་ཉི་མ་བཅས་ཀྱིས་འོས་སྦྱོར་རྟགས་ཐམ་སྦྱར་མ་བཏབ་གནང་བའི་ལག་འཁྱེར་སྤྲད་པའི་སྐལ་བཟང་ཉིན་མོར། གངས་ཅན་གྱི་གསོ་རིག་འཛིན་པ་ཀུན་གྱི་མེས་པོ། རྒྱལ་སྲས་དཔྱད་བུ་ཁྲི་ཤེས་མཆོག་གི་རྗེས་དྲན་དང་། ཁྱད་པར་དུ་སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གི་བཅུ་ཕྲག་བརྒྱད་པའི་དགུང་སྟོན་ལ་རྟེན་འབྲེལ་མཚོན་དོན་དུ། གསོ་རིག་འབུམ་བཞིའི་དགོངས་བཅུད་དཔྱད་བུའི་མུ་ཏིག་མང་སྦྱོར་ཆེན་མོ་ཞེས་པའི་སྨན་སྦྱོར་ཞིག་ཆེད་འདོན་བྱས་ཡོད་པ་བཅས་བཀྲ་ཤིས་པའི་གནས་ཚུལ་བཟང་བོ་འདི་ལྟ་བུ་ནི། མི་དམངས་ཀྱི་འཕྲོད་བསྟེན་ལ་ཕན་འབྲས་ངེས་པ་ལྡན་ཐོག མེ་ཏོག་ཆུང་ཡང་ལྷ་ཡི་རྫས་ཞེས་པའི་དཔེ་ཟླར་དམིགས་ཏེ། མི་རིགས་ཀྱི་རིག་གཞུང་ཁུངས་མའི་ལག་ལེན་རྒྱུན་མཐུད་དང་། མི་ཉམས་གོང་དུ་འཕེལ་ཞིང་ཉམས་པ་རང་སོར་ཆུད་པའི་རྗེས་བཞག་ཏུ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བར་བརྟེན་གནས་བསྡུས་འདི་ཉིད་སྐབས་བབ་ཀྱི་འགན་ཁུར་བ། དབྲ་ཁྱུང་སྐལ་བཟང་ནོར་བུས་ཟླ་ཚེས་བཟང་བོར་ལྷ་ལྡན་ཉི་མའི་གྲོང་ནས་སྤེལ་བ་དགེའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།