སྟོང་སྐོར་ཚེ་རིང་ཐར་གྱིས“ཞང་ཞུང་—བོན་པོ”ཞེས་པའི་ཚོགས་འདུའི་སྟེང་སྤེལ་བའི་གསུང་བཤད།

སྟོང་སྐོར་ཚེ་རིང་ཐར་གྱིས“ཞང་ཞུང་—བོན་པོ”ཞེས་པའི་ཚོགས་འདུའི་སྟེང་སྤེལ་བའི་གསུང་བཤད།
རྩོམ་པ་པོ། ལྕགས་མོ་མཚོས་བསྒྱུར། རྩོམ་ཁུངས། ཧི་མ་ལ་ཡའི་བོན།

c8678d331b5459030a79d3ad79be3e2d

ཀྲུང་གོ་ཆུ་ཆེན“ཞང་ཞུང་—བོན་པོ”ཞེས་པའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་མགོ་འཛུགས་མཛད་སྒོའི་སྟེང་དགེ་རྒན་ཆེན་མོ་སྟོང་སྐོར་ཚེ་རིང་ཐར་གྱིས་སྤེལ་བའི་གསུང་བཤད།

  ལྷན་རྒྱས་རྣམ་པ་སྐུ་ཁམས་བཟང་།

      ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐེངས་དྲུག་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་གཟེངས་བསྟོད་ཚོགས་ཆེན་གྱིས་བསྟན་དོན། མི་རིགས་ཀྱི་རིག་གནས་ཤུགས་ཆེན་པོས་རྒྱུད་འཛིན་དང་དར་སྤེལ་དུ་བཏང་སྟེ་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཐད་ལ་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་མཁོ་སྤྲོད་དང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་སྲུང་སྐྱོབ་བྱ་ཆེད། སྙིགས་འདོར་བཅུད་ལེན་དང་། རྙིང་དོར་གསར་སྤེལ་བྱས་ཏེ་གསར་སྐྲུན་རང་བཞིན་གྱི་སྒྱུར་སྤེལ་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་ཡོང་བར་འབད་དགོས། ཞེས་བསྟན་ཞིང་། སྤྱི་ཚོགས་ཀྱི་ཁག་སོ་སོ་ནས་ཚོགས་འདུའི་ཡིག་ཆའི་དགོངས་དོན་ཐད་ལ་ཚུར་སྣང་ཆེན་པོ་བསླངས་པར་མ་ཟད། རིགས་སོ་སོའི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ། སྲུང་སྐྱོབ་བྱེད་པ་དང་། རིགས་སོ་སོའི་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་དྲོན་མོ་ཞིག་འཛུགས་སྐྲུན་བྱ་རྒྱུ་དེ་མི་རྣམས་ཀྱི་གཅིག་མཐུན་གྱི་ལྟ་བར་གྱུར།
ང་ཚོས་ཞང་ཞུང་དང་། རྒྱལ་རོང་བོན་པོའི་རིག་གནས་ཀྱི་རིག་གཞུང་དཔྱད་གླེང་གྲོས་ཚོགས་བསྒྲུབ་པ་འདི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིན་གྱི་བསྟན་དོན་གལ་ཆེན་དང་བསྟུན་པའི་བྱེད་ལས་ཀྱི་རྣམ་པ་ཞིག་ཡིན་ཞིང་། ཐེངས་འདིའི་གྲོས་ཚོགས་ཀྱིས་རྒྱལ་རོང་བོད་པའི་རིག་གནས་ལ་ཞིབ་འཇུག་དང་དཔྱད་བསྡུར་སྔར་ལས་གཏིང་ཟབ་བྱེད་ཐུབ་པར་མ་ཟད། བོད་ཀྱི་མེས་པོ་རྣམས་ཀྱིས་གསར་གཏོད་མཛད་པའི་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་རོང་བོད་པའི་རིག་གནས་དར་སྤེལ་དང་སྲུང་སྐྱོབ་བྱེད་པར་སྐུལ་ཁྲིད་ཀྱི་ནུས་པ་འདོན་ཐུབ་པའི་རེ་བ་ཡོད། རྔ་བ་ཁུལ་ཨུའི་སྲིད་གཞུང་དང་ཆུ་ཆེན་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཀྲུང་དབྱང་མི་རིགས་ལས་དོན་གྱི་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་བྱས་ཤིང་། རྒྱལ་རོང་བོད་ཀྱི་རིག་གནས་ཐད་ལ་གཙིགས་མཐོང་ཆེན་པོ་གནང་སྟེ་རིག་གཞུང་གི་གྲོས་ཚོགས་འདི་འདྲ་ཞིག་བསྡུས་པ་དང་། རྒྱལ་རོང་ས་ཁུལ་དབར་གྱི་རིགས་སོ་སོའི་མི་རིགས་དབར་འཆམ་མཐུན་སྒོས་འབྲེལ་འདྲིས་དང་འདྲེས་འགྱུར་བྱུང་བར་སྐུལ་འདེད་ཀྱི་ནུས་པ་ཐོན་གྱི་ཡོད། འདི་ནི་མི་རིགས་རིག་གནས་ཀྱི་རྒྱུད་འཛིན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྩ་བ་དང་གཞི་རྐང་དེ་འཚོལ་བ་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་ཉམ་ཆུང་བའི་རིགས་ཀྱི་ནུས་ལྡན་གྱི་གསོ་སྐྱོང་ཞིག་ཀྱང་ཡིན། དེ་བས་རྔ་བ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་དང་ཆུ་ཆེན་རྫོང་ཨུའི་ཧྲུའུ་ཅི་ཀྲང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་རྣམ་པར་སྙིང་ནས་གུས་པས་འདུད་དོ།།

      ཞང་ཞུང་ནི་ས་མིང་ཞིག་ཡིན་ཞིང་། དུས་ཕྱིའི་ནང་ཆོས་ཀྱི་ཡིག་ཆའི་ཁྲོད་ཞང་ཞུང་གིས་དེང་གི་མངའ་རིས་ས་ཁུལ་གྱི་རྒྱུད་ཁོ་ན་མཚོན་ཡང་། དེང་སྐབས་ཉར་ཚགས་བྱས་པའི་བོན་པོའི་ཡིག་རྙིང་དང་མིག་སྔར་གནའ་རྫས་རྟོག་ཞིབ་པས་སྔོག་འདོན་བྱས་པ་དེ་དག་གིས་ཞང་ཞུང་ནི་བོད་ཀྱི་བཙན་པོའི་རྒྱལ་རབས་མ་བཙུགས་སྔོན་དུ། འབྲི་ཆུའི་ནུབ་ཕྱོགས་ཀྱི་མདོ་དབུས་མཐོ་སྒང་ཚང་མར་ཞང་ཞུང་ཟེར་བ་དང་། འདི་འདྲའི་རྒྱ་ཆེ་བའི་མདོ་དབུས་མཐོ་སྒང་དུ་སྔར་མནའ་འབྲེལ་ཚོ་བའི་རྣམ་པའི་འབྲོག་ལས་ཀྱི་ཚོ་བའི་རྒྱལ་ཕྲན་མང་པོ་ཞིག་བྱུང་མྱོང་བ་དེ་དག བོད་ཡིག་གི་ལོ་རྒྱུས་ཡིག་ཆ་དང་ངག་རྒྱུན་གྱིས་བཀོད་པའི་ལོ་རྒྱུས་སུ་མིང་གྲགས་ཆེ་བའི་ཞང་ཞུང་སྒོ་ཕུག་བར་གསུམ་དང་། ཞང་ཞུང་རྒྱལ་ཁག་བཅོ་བརྒྱད་སོགས་ཀྱི་སྐོར་ཡོད་པ་དང་། སྔར་འདིའི་ཁུལ་ལ་ཞང་ཞུང་གི་མཐོ་སྒང་ཞེས་སུ་འབོད་ཅིང་། ཀྲུང་ཡཱའི་རིགས་སོ་སོའི་ཤེས་ཡོན་ཁྲོད་ནས་རྒྱུན་རིང་བ་དང་གལ་འགངས་ཆེ་བའི་ལོ་རྒྱུས་ཀྱི་ཤུགས་རྐྱེན་བཏོན་མྱོང་།

e59771d029aaddb3e9377f16afc6f0c3

      སྔར་ཞང་ཞུང་ནི་ཀྲུང་ཡཱ་དང་མདོ་དབུས་མཐོ་སྒང་དུ་འཕྲེད་བརྒལ་བྱས་པའི་གནའ་བོའི་རིག་གནས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞིང་། དེས་མདོ་དབུས་མཐོ་སྒང་གི་འོད་སྟོང་འབར་བའི་གནའ་རབས་ཀྱི་ཤེས་ཡོན་གསར་གཏོད་བྱས་པས། རིག་གཞུང་གར་སྟེགས་སུ་དེར་ཞང་ཞུང་ཤེས་རིག་ཅེས་སུ་འབོད། མདོ་དབུས་མཐོ་སྒང་གི་གནའ་རབས་ཤེས་ཡོན་འདི་ནི་བོད་མི་རིགས་ཀྱི་རིག་གནས་ཀྱི་འབྱུང་ཁུངས་དང་རྩ་བ་ཡིན་པར་མ་ཟད། མདོ་དབུས་མཐོ་སྒང་གི་མེས་པོ་ཚོའི་བློ་གྲོས་ཀྱི་ཉིང་བཅུད་ཀྱང་ཡིན། དེ་བས་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་རིག་གནས་མང་པོའི་ཁྲོད་ཀྱི་གནའ་བོའི་རིག་གནས་ཀྱི་འབྱུང་ཁུངས་གྲས་ཀྱི་གཅིག་ཀྱང་ཡིན། ནང་བསྟན་བོད་དུ་དར་རྗེས། ཧིན་རྡུ་རིག་གནས་ཀྱིས་མདོ་དབུས་མཐོ་སྒང་རང་ས་ནས་སྐྱེས་པའི་རིག་གནས་ཏེ་ཞང་ཞུང་རིག་གནས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་འཕུར་མཆོང་དང་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་ཤིག་ཡོད་དུ་བཅུག་ཅིང་། མདོ་དབུས་མཐོ་སྒང་དུ་ནང་བསྟན་དང་བོན་ཆོས་གྱི་སྲོལ་རྒྱུན་ཕན་ཚུན་བསྡུ་ལེན་དང་ཤུགས་རྐྱེན། མཉམ་འདྲེས་སོགས་བྱུང་སྟེ་བོན་ཆོས་རིག་གནས་ཀྱི་རྨང་གཞི་དང་རྩ་བ་བྱས་པ་དང་། ནང་ཆོས་ཀྱི་བསམ་བློ་དེ་གཞུང་ལུགས་གཙོ་བོ་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་ཤེས་རིག་ཅིག་གསར་གཏོད་མཛད་པ་དང་། རིག་གནས་འདིས་སྔར་བཞིན་བོད་མི་རིགས་ཀྱི་ཆོས་ལུགས་ཀྱི་དད་མོས་དང་། སེམས་ཁམས་ཀྱི་སྤུས་ཚད། རིག་གནས་ཀྱི་སེམས་འགྱུར་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པར་མ་ཟད། མཐའ་འཁོར་གྱི་མི་རིགས་དང་རིག་གནས་གཞན་པར་དེ་བས་ཀྱང་ཤུགས་རྐྱེན་ཐེབས་མགོ་ཚུགས།
ཞང་ཞུང་རིག་གནས་དེ་རིག་གནས་ཀྱི་ཁྱད་གཤིས་ཁེར་རྐྱང་ཞིག་ཡིན་པའི་ཆ་ནས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་སྔ་མོ་ནས་ཡལ་ཟིན་ཡང་། མདོ་དབུས་མཐོ་སྒང་གི་ཤར་ཕྱོགས་ཀྱི་རྒྱལ་རོང་ས་ཁུལ་དུ་གནའ་བོའི་ཞང་ཞུང་ཤེས་རིག་གི་རིག་གནས་ཀྱི་ཁྱད་གཤིས་དང་གཏིང་ཟབ་པོའི་རིག་གནས་མང་པོ་ཞིག་སྔར་བཞིན་ཤུལ་ལུས་བྱུང་ཡོད། རྒྱལ་རོང་ས་ཁུལ་དུ་བོན་ཆོས་ཀྱི་རྫོགས་ཆེན་ཁྲོད་ཀྱི་ཞང་ཞུང་སྙན་རྒྱུད་ཀྱི་ཉམས་ལེན་པའི་སྲོལ་རྒྱུན་གྱི་རྐང་ཟུག་ཡོད་ཅིང་། ང་ཚོས་ཐེངས་འདིའི་ཚོགས་འདུའི་སྐབས་སུ་རྟོག་ཞིབ་བྱེད་དགོས་པའི་ཆུ་ཆེན་རྫོང་ལི་ཝེར་གྱི་བྲག་བརྐོས་རི་མོའི་ཁྲོད་བྱུང་བའི་བླ་མ་མང་ཆེ་བ་ནི་ཞང་ཞུང་སྙན་རྒྱུད་ཀྱི་སྒྲུབ་སྦྱོང་བ་དང་སྙན་རྒྱུད་པ་ཡིན་ཞིང་། ཞང་ཞུང་སྙན་རྒྱུད་ནི་བོན་ཆོས་ཀྱི་རྫོགས་པ་ཆེན་པོའི་ཡིག་རྙིང་ཁྲོད་ཀྱི་གཏེར་མར་མ་སོང་བར། ཞང་ཞུང་གི་ནུབ་ཕྱོགས་ནས་རིམ་བཞིན་ཤར་གྱི་རྒྱལ་མོ་ཚ་བ་རོང་གི་ས་ཁུལ་དུ་སྤེལ་བ་དང་། ཆུ་ཆེན་རྫོང་ལི་ཝེར་བྲག་བརྐོས་རི་མོའི་ཁྲོད་དུ་བྱུང་བའི་བོན་པོའི་མ་རྒྱུད་ཀྱི་ནང་དོན་གཙོ་བོ་བྱས་པའི་ཞང་ཞུང་སྙན་རྒྱུད་ཀྱི་སྒྲུབ་སྦྱོང་གི་སྲོལ་རྒྱུན་འདི་ནི་རྒྱུད་འཛིན་འདིའི་རིགས་ཀྱི་དཔེར་མཚོན་རང་བཞིན་ལྡན་པའི་རིག་གནས་ཀྱི་ཤུལ་ལྷག་ཅིག་ཡིན།
ཁྱུང་གི་གདུང་རྒྱུད་དེ་ནུབ་ཕྱོགས་ཀྱི་ཞང་ཞུང་ཁ་ཡུག་ས་ཆ་ནས་ཤར་དུ་གནས་སྤར་བའི་ལོ་རྒྱུས་ཀྱི་སྐོར་དེ། བོད་ཡིག་གི་ཡིག་ཆ་ཁྱུང་རབས་ནས་བརྒྱུད་ཡོང་བར་རིགས་ལྔ་ཡོད་པ་དང་། དེའི་ཁྲོད་ཀྱི་ཁག་གཅིག་ནི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་རྒྱལ་པོ་གཅིག་གི་རྫོང་ནང་ནས་རྙེད་པ་རེད། ཡིག་ཆ་འདི་དག་ནམ་ཞིག་ལ་བརྩམས་གྲུབ་བྱུང་བའི་དུས་དེ་ཤིན་ཏུ་མི་སྔ་ཡང་། ཁྱུང་གི་ཚོ་བ་ཤར་ཕྱོགས་སུ་སྤར་བའི་ལོ་རྒྱུས་མང་པོ་ཞིག་བཀོད་ཡོད་པས་ལོ་རྒྱུས་ཡིག་ཚང་གི་རིན་ཐང་ཆེན་པོ་ལྡན། དེའི་ཁྲོད་ཀྱི་ཁྱུང་དཀར་དང་ཁྱུང་སེར་གྱི་གདུང་རྒྱུད་རྒྱལ་རོང་ཡུལ་དུ་སྤར་བའི་ལོ་རྒྱུས་ཀྱིས་མི་རྒྱུད་རིག་པའི་ཐད་ཀྱི་ཞང་ཞུང་དང་རྒྱལ་རོང་མིའི་ཡོང་ཁུངས་ཀྱི་འབྲེལ་བ་གསལ་བཤད་བྱས་ཡོད་ཅིང་། དེས་རྒྱལ་རོང་གི་བོད་པ་ནི་རྒྱལ་རོང་ས་ཁུལ་གྱི་ས་སྐྱེས་རྡོ་སྐྱེས་ཀྱི་བོད་མིའི་མེས་པོ་དང་ཞང་ཞུང་ཁྱུང་གི་རྒྱུད་པ་མཉམ་འདྲེས་བྱས་པ་ལས་བྱུང་བ་དང་། དེང་གི་རྒྱལ་རོང་བོད་མིའི་ཁྲག་རྒྱུན་དུ་གནའ་བོའི་ཞང་ཞུང་གི་ཁྲག་རྒྱུན་བཞུར་བཞིན་པ་གསལ་བཤད་བྱས་ཡོད།
སྐད་བརྡ་རིག་པའི་ཞིབ་འཇུག་ཁྲོད། རྒྱལ་ཁབ་ཕྱི་ནང་གི་སྐད་བརྡ་རིག་པའི་མཁས་པ་འགས་རྒྱལ་རོང་བོད་སྐད་དང་བོད་ཁུལ་གཞན་དག་གི་བོད་སྐད་བར་བརྡ་འཕྲོད་པ་དེ་བརྡ་སྤྲོད་ཀྱི་གྲུབ་ཚུལ་དང་། མིང་ཚིག་གི་རིམ་པ། སྒྲ་གདངས། བརྡ་ཁོངས་སོགས་ཀྱི་ཐད་ནས་ཁྱད་པར་ཆེན་པོ་ཡོད་པས། རྒྱལ་རོང་བོད་སྐད་དེ་བོད་སྐད་ཡིན་མིན་ཐད་ལ་དོགས་པ་བྱུང་བར་མ་ཟད། རྒྱལ་རོང་བོད་ནི་བོད་རིགས་ཡིན་མིན་ཐད་ཀྱི་བགྲོ་གླེང་ཡང་བྱུང་མྱོང་། ཡིན་ཡང་ཉེ་བའི་ལོ་འགའི་རིང་འཇར་པན་གྱི་སྐད་བརྡ་རིག་པ་ཚོས་ཞང་ཞུང་ཡི་གེ་དང་རྒྱལ་རོང་བོད་སྐད་ལ་ཞིབ་འཇུག་བྱས་པ་བརྒྱུད། ཁོ་ཚོས་རྒྱལ་རོང་སྐད་ཀྱི་ཁྲོད་དུ་བོད་སྐད་དང་འབྲེལ་བ་བྱེད་ཐུབ་མིན་གྱི་ཁྱད་པར་དེ་ཞང་ཞུང་ཡི་གེའི་ཁྱད་ཆོས་ཡིན་པ་ཤེས་ཏེ། དེས་རྒྱལ་རོང་བོད་སྐད་ཀྱི་ཁྱད་ཆོས་ནི་ཞང་ཞུང་ཡི་གེའི་ཤུགས་རྐྱེན་ཐེབས་ཏེ་གྲུབ་པའི་རྐྱེན་ཡིན་པ་གསལ་བཤད་བྱས་ཡོད་དོ།།
དེ་བས་ཀྱང་གལ་འགངས་ཆེ་བ་ནི་སྐད་བརྡ་རིག་པ་བ་ཚོས་སྐད་བརྡ་རིག་པའི་རྒྱུ་ཆ་བེད་སྤྱད་ནས་རྒྱལ་རོང་བོད་སྐད་དང་ཞང་ཞུང་ཡི་གེའི་བར་གྱི་རིག་གནས་ཀྱི་འབྲེལ་བ་ར་སྤྲོད་དང་ཞིབ་འཇུག་བྱས་པར་མ་ཟད། སྐད་བརྡའི་སྟེང་གི་རིག་གནས་ཀྱི་འབྲེལ་བ་འདི་རིགས་སྤྱད་དེ་ཞང་ཞུང་ཁྱུང་གི་རྒྱུད་པ་ཤར་རྒྱལ་མོ་རོང་དུ་སྤར་བའི་ཡིག་ཚང་དུ་འཁོད་པའི་བདེན་དངོས་རང་བཞིན་ཡང་ར་སྤྲོད་བྱས་ཡོད། ཡིག་ཆའི་ཁྲོད་འཁོད་པ་དང་སྐད་བརྡའི་འབྲེལ་བ་ཕན་ཚུན་དཔང་སྤྲོད་ཀྱིས་གནའ་བོའི་ཞང་ཞུང་དང་ཤར་ཕྱོགས་རྒྱལ་རོང་ས་ཁུལ་བར་གྱི་གཏིང་ཟབ་པའི་རིག་གནས་ཀྱི་འབྲེལ་བ་དེ་ཡང་བསྐྱར་བདེན་དཔང་བྱས།
རྒྱའི་ལོ་རྒྱུས་ཡིག་ཚང་དུ་མདོ་དབུས་མཐོ་སྒང་གི་ཤར་ནུབ་མཐའ་གཉིས་ཀྱི་ཤར་ནུབ་བུད་མེད་ཀྱི་རྒྱལ་ཁབ་ཅེས་བཀོད་ཡོད་ཅིང་། དེ་བོད་ཡིག་ཡིག་ཚང་དུ་རྒྱལ་རོང་ས་ཁུལ་དུ་བུད་མེད་ཅིག་གིས་རྒྱལ་ཁབ་ལ་བདག་དབང་མཛད་པའི་སྐོར་བཀོད་མྱོང་མེད་ལ། བུད་མེད་ཀྱི་རྒྱལ་ཁབ་ཅེས་པའི་ཐ་སྙད་འདི་ནི་རྒྱལ་རོང་ཞེས་པའི་མིང་འདི་མ་གཞི་ལྷ་མོར་ཞེས་ལོ་ཙཱ་བྱེད་དགོས་པའི་མིང་དེ་བུད་མེད་རྒྱལ་ཁབ་ཏུ་ལོག་སྒྱུར་བྱས་ཡོད་ཀྱང་སྲིད། ཡིན་ཡང་རྒྱའི་ཡིག་ཚང་ཁྲོད་ཀྱི་ཤར་ཕྱོགས་ཀྱི་བུད་མེད་རྒྱལ་ཁབ་དེ་རྒྱལ་རོང་ས་ཁུལ་ལ་བསྟན་པ་ནི་ཐེ་ཚོམ་བྱེད་མི་དགོས་པ་ཞིག་རེད་དེ། ཆུ་ཆེན་ས་ཁུལ་གྱི་འབྲེལ་ཡོད་རྒྱལ་མོའི་ཁྱིམ་རྒྱུད་ཀྱི་ངག་རྒྱུན་གྱིས་འདིའི་སྐོར་ར་སྤྲོད་བྱས་པར་མ་ཟད། རྒྱལ་རོང་ས་ཁུལ་དུ་བུད་མེད་ཀྱི་ཁྱད་ཆོས་གཙོ་བྱས་པའི་རིག་གནས་ཀྱི་སྣང་ཚུལ་མང་པོ་ཞིག་གིས་ཀྱང་ལོ་རྒྱུས་སྟེང་མ་རྒྱུད་རུས་རྒྱུད་ཀྱི་གལ་ཆེན་རང་བཞིན་མཚོན་ཡོད་པས། རྒྱ་བོད་ལོ་རྒྱུས་ཀྱི་ཡིག་ཚང་ཕན་ཚུན་གསབ་སྦྱོར་བྱས་ན་ལོ་རྒྱུས་ཀྱི་དོན་དངོས་དང་ཐག་ཉེ་བའི་རྒྱལ་རོང་ཞིག་ངེས་པར་དུ་སླར་གསོ་བྱེད་ཐུབ་བོ།།
ཉེ་བའི་ལོ་འགའི་རིང་། རྩོམ་རིག་བརྩམས་ཆོས་དང་གློག་བརྙན་སྒྱུ་རྩལ་གྱིས་ཀྱང་རྒྱལ་རོང་ལ་དོ་སྣང་དང་ཁྱབ་བསྒྲགས་བྱས་པ་ནི་དགའ་འོས་པའི་སྣང་ཚུལ་ཞིག་ཡིན་ཞིང་། འདིས་རྒྱལ་རོང་ས་ཁུལ་གྱི་མཚར་སྡུག་འོད་སྟོང་འབར་བའི་ལོ་རྒྱུས་རིག་གནས་དང་། བསམ་པའི་མཛེས་ལྗོངས། རང་བྱུང་མཛེས་ལྗོངས་དག་རྩོམ་རིག་སྒྱུ་རྩལ་གྱི་རྣམ་པས་མཚོན་ཏེ་མི་རིགས་ཀྱི་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱ་བར་བྱས་རྗེས་བཞག་པར་མ་ཟད། མི་རིགས་ས་ཁུལ་འཕེལ་རྒྱས་སུ་འགྲོ་བར་བསམ་པའི་སྒུལ་ཤུགས་སྟོབས་ཆེན་ཞིག་མཁོ་འདོན་བྱས་ཡོད་དོ།།
ཁྱུང་ལ་དད་མོས་བྱེད་པ་ནི་གནའ་བོའི་ཞང་ཞུང་ནས་བྱུང་བའི་རིག་གནས་ཀྱི་སྲོལ་རྒྱུན་ཞིག་ཡིན་ཞིང་། “ཞང་ཞུང་”ཞེས་པའི་ཐ་སྙད་འདི་དེང་སྤྱོད་ཀྱི་བོད་ཡིག་ཁྲོད་དུ་ཁྱུང་ལུང་ཞེས་པའི་དོན་ཡིན་པ་དང་། དེ་ནི་བྱ་རྒྱལ་ཁྱུང་གནས་སའི་ས་ཆའམ་ཡང་ན་ཁྱུང་གི་ལུང་པ་ཞེས་པའི་དོན་ཡིན། ཞང་ཞུང་ཕུག་པའི་ལྟེ་བ་ནི་ཁྱུང་ལུང་དངུལ་མཁར་དང་། བར་བའི་ལྟེ་བ་ནི་དྭངས་ར་ཁྱུང་རྫོང་། སྒོ་པའི་ལྟེ་བ་ནི་ཁྱུང་པོ་རི་རྩེ་དྲུག་ཡིན། ཞང་ཞུང་གི་རྒྱལ་པོ་མང་པོ་ཞིག་དང་བོན་གཤེན་རྣམས་ཀྱི་གོ་གནས་མཚོན་པའི་མགོའི་བྱ་རུ་ནི་ཁྱུང་གི་རྭ་ཅོ་ཡིན་པ་སོགས་སྣང་ཚུལ་འདི་དག་གིས་ཞང་ཞུང་རིག་གནས་ཁྲོད་དུ་ཁྱུང་གིས་ལོ་རྒྱུས་ཀྱི་གོ་གནས་གལ་ཆེན་བཟུང་ཡོད་པ་དང་། གཏིང་ཟབ་པའི་རིག་གནས་ཀྱི་ཕུང་བོ་མཚོན་པ་གསལ་བཤད་ཡིད་ཚིམ་པ་ཞིག་བྱས་ཡོད་ཅིང་། རྒྱལ་རོང་ས་ཁུལ་དུ་འདི་ལྟ་བུའི་ཁྱུང་གི་དད་མོས་ཀྱི་རིག་གནས་གང་སར་ཁྱབ་ཡོད། 《ཧན་རྒྱལ་རབས་ཡིག་ཚང》དུ་རྒྱལ་རོང་གི་རྫོང་མཁར་ལ“ཁྱུང་ལུང”(邛笼)ཞེས་སུ་འབོད། འདི་ནི་བོད་ཡིག་གི“ཁྱུང་ལུང”ཞེས་པའི་སྒྱུར་སྟངས་མི་འདྲ་བ་ཡིན་པ་དང་། རྫོང་མཁར་རིག་གནས་དང་ཁྱུང་གི་དད་མོས་བར་གྱི་འབྲེལ་བ་དེར་ཞིབ་འཇུག་གཏིང་ཟབ་བྱེད་དགོས་པར་འདོད། ཁྱུང་གི་རུས་རྒྱུད་ཤར་ཕྱོགས་སུ་གནས་སྤར་བ་དང་། དེ་རྒྱལ་རོང་ས་ཁུལ་དུ་གནས་པ་ནི་དེ་བས་ཀྱང་དཔེ་མཚོན་ཡིན། རྒྱལ་རོང་ས་ཁུལ་དུ་ཁྱུང་དང་འབྲེལ་བའི་རི་མོ་དང་། རི་བོ། རྫོང་མཁར། ཐ་སྙད། ས་མིང་། མི་མིང་སོགས་གང་སར་མཐོང་རྒྱུ་ཡོད་པ་དང་། འདི་དག་གིས་ཁྱུང་ནི་མདོ་དབུས་མཐོ་སྒང་གི་གནའ་བོའི་རིག་གནས་ཀྱི་ཕོ་ཉ་ཞིག་ཡིན་པ་དང་། དེ་ཞང་ཞུང་ཁ་ཡུག་ནས་རྒྱལ་རོང་དུ་འཕུར་ཡོང་སྟེ་ཞང་ཞུང་དང་རྒྱལ་རོང་ཞེས་པའི་ས་ཆ་འདི་གཉིས་དམ་པོར་སྦྲེལ་ཡོད་པ་བདེན་དཔང་བྱས་ཡོད་དོ།།
དུས་རབས་བཅུ་བཞི་པའི་མཉམ་མེད་ཤེས་རབ་རྒྱལ་མཚན་ནི་ཆུ་ཆེན་རྫོང་དམར་སྤུངས་ཤང་སྟེགས་ཅོག་ལུང་པ་ནས་ཕྱིར་སོང་བའི་སྐྱེས་ཆེན་དམ་པ་ཞིག་ཡིན་ཞིང་། ཁོས་བན་བོན་གཉིས་ཀའི་བླ་མ་མང་པོར་བསྟེན་ཏེ་བན་བོན་གཉིས་ཀའི་ལོ་རྒྱུས་དང་གཞུང་ལུགས་ལ་སློབ་སྦྱོང་བྱས་པར་མ་ཟད། ལྷག་པར་དུ་ཞང་ཞུང་ཤེས་རིག་རྒྱུད་འཛིན་བྱེད་པར་སློབ་སྦྱོང་བྱས། ཁོས་བོད་ལྗོངས་གཞིས་ཀ་རྩེའི་རྣམ་གླིང་དབེན་ས་ཁ་དགོན་ནས་སློབ་སྦྱོང་གི་གྲུབ་འབྲས་ཐོབ་རྗེས་དགོན་པ་དེ་གའི་མཁན་པོར་གྱུར་པ་དང་། རྗེས་སུ་མིང་དུ་གྲགས་པའི་སྨན་རི་དགོན་གསར་བཞེངས་མཛད་དེ་བོན་ཆོས་ཀྱི་འདུལ་བ་འཕེལ་རྒྱས་སུ་བཏང་ཞིང་། བན་ཁའི་ཚད་མའི་བསམ་བློའམ་དགོངས་པ་བསྡུ་ལེན་བྱས་ཏེ་བོན་ཆོས་ཕྱི་དར་གྱི་ཚད་མའི་གཞུང་ལུགས་བསྐྱར་བཟོ་གནང་བར་ བྱས་རྗེས་འབུར་དུ་ཐོན་པ་བཞག་ཡོད། བོན་པོའི་སྲོལ་རྒྱུན་དུ་ཁོང་ནི་དགེ་ལུགས་པའི་རྗེ་ཙོང་ཁ་པ་དང་གོ་གནས་མཉམ་པས། བོན་པོའི་དད་ལྡན་པའི་ཁྲོད་དུ་གོང་བཀུར་ཆེན་པོ་ལྡན་ཞིང་། ཁོང་གིས་ཀྱང་གནའ་བོའི་ཞང་ཞུང་རིག་གནས་དང་རྒྱལ་རོང་ས་ཆ་གཉིས་དམ་པོར་སྦྲེལ་ཡོད་དོ།།
བེེ་རོ་ཙཱ་ན་ནི་དུས་རབས་བརྒྱད་པའི་མིང་དུ་གྲགས་པའི་བན་ཁའི་སྐྱེས་ཆེན་དམ་པ་ཞིག་ཡིན་པ་ཚང་མས་ཤེས་མོད། རིག་གཞུང་ཞིབ་འཇུག་གི་ཁོངས་སུ་ཁོང་ཡང་བོན་པོའི་མིང་དུ་གྲགས་པའི་སྐྱེས་ཆེན་ཞིག་ཡིན་པའི་ཆར་དེ་འདྲའི་རྒྱུས་ལོན་མེད། དོན་དངོས་སུ་ཁོང་ནི་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་ཞིག་ཡིན་ཞིང་། ཁོང་གིས་བན་བོན་གཉིས་ཀར་སྦྱངས་པ་བྱས་ཏེ་ཞང་ཞུང་སྙན་རྒྱུད་ཐད་ལ་ཐུན་མིན་གྱི་ལྟ་བ་ཡོད་པར་མ་ཟད། ཞང་ཞུང་སྙན་རྒྱུད་ཀྱི་བརྒྱུད་པའི་བླ་མ་ཞིག་ཀྱང་ཡིན། ཁོ་རང་རྒྱལ་རོང་དུ་སྤྱུགས་པའི་ལོ་རྒྱུས་ཀྱི་རྒྱུ་རྐྱེན་ཐད་ལ་མི་རྣམས་ཀྱིས་ལྟ་བ་མི་མཐུན་པ་མང་པོ་བཏོན་ཡོད་ཀྱང་། ཁོ་དང་བོན་ཆོས་ཀྱི་བར་གྱི་འབྲེལ་བ་དམ་ཟབ་དེ་ནི་རྒྱུ་རྐྱེན་དེ་དག་ཁྲོད་ཀྱི་གཅིག་ཡིན་པར་སྲིད། ཆུ་ཆེན་རྫོང་ལི་ཝེར་ཤང་དུ་ཡོད་པའི་ལི་ཝེར་རི་ཁྲོད་ཀྱི་བྲག་བརྐོས་རི་མོའི་ཁྲོད་དུ་བོན་པོའི་སྐྱེས་ཆེན་བྱས་པའི་བེེ་རོ་ཙཱ་ན་བྱུང་བ་དེས་བེེ་རོ་ཙཱ་ན་ཁོང་གིས་བན་བོན་གཉིས་ཀ་སྦྱངས་པའི་ལོ་རྒྱུས་ཀྱི་དོན་དངོས་དང་། ཁོང་གིས་བོན་ཆོས་ཀྱི་སྲོལ་རྒྱུན་ཁྲོད་དུ་ལོ་རྒྱུས་གོ་གནས་བཟུང་ཡོད་པ་བདེན་དཔང་གང་ལེགས་བྱས་ཡོད་པའི་དུས་མཚུངས་སུ། རྒྱལ་རོང་ས་ཁུལ་དུ་བེེ་རོ་ཙཱ་ནའི་སྒྲུབ་ཕུག་དང་རྗེས་ཤུལ་གང་སར་མཐོང་ཐུབ་པ་འདིས་ཞང་ཞུང་དང་། བོད། རྒྱལ་རོང་རྣམས་ཡང་བསྐྱར་དམ་པོར་གཅིག་ཏུ་སྦྲེལ་ཡོད་པ་དང་། ཁོང་ཡང་ལོ་རྒྱུས་སུ་བཀོད་པའི་རིག་གནས་ཀྱི་ཕོ་ཉ་ཞིག་ཏུ་གྱུར་ཏེ་རྗེས་རབས་པས་དད་བཀུར་བྱེད་ཀྱིན་ཡོད་དོ།།
ང་ཚོས་ཐེངས་འདིའི་ཚོགས་འདུ་འདིར་རྟོག་ཞིབ་བྱེད་དགོས་པའི་ལི་ཝེར་བྲག་བརྐོས་རི་མོ་ནི་ཆུ་ཆེན་རྫོང་ལི་ཝེར་ཤང་དུ་ཡོད་པ་དང་། ཤང་འདིའི་མིང་ལི་ཝེར་ཞེས་པ་དེ་ནི་ཞང་ཞུང་གི་ཐ་སྙད་ཅིག་ཡིན་ཞིང་། དེ་ནི་རྒྱལ་པོའམ་རླུང་གི་རྒྱལ་པོ་ཞེས་པའི་དོན་ཡིན། རི་ཁྲོད་འདིའི་མིང་གཞན་ལ་ཀ་ལིང་ཀ་ཞེས་པ་དེའང་ཞང་ཞུང་གི་ཡི་གེ་ཡིན། ཡུན་རིང་བོའི་ལོ་རྒྱུས་ལྡན་པའི་གཡུང་དྲུང་ལྷ་སྟེང་དགོན་གྱི་རྡོ་རིང་སྟེང་སྟོན་པ་གཤེན་རབ་ཀྱི་མིང་བཀོད་ཡོད་པ་དང་། མཚོ་མཐོ་དགོན་གྱི་རྡོ་བརྐོས་ཀྱི་ལྷ་སྐུའི་འོག་གནའ་བོའི་ཞང་ཞུང་གི་ཡི་གེ་བྱུང་བ་སོགས་རྒྱལ་རོང་ས་ཁུལ་དུ་ཡོངས་ཁྱབ་ཀྱིས་ཞང་ཞུང་རིག་གནས་ཀྱི་ཤུལ་ལྷག་གནས་པ་འདི་དག་གིས་རྒྱལ་རོང་ས་ཁུལ་དུ་གནའ་བོའི་ཞང་ཞང་རིག་གནས་བརྟན་པོར་གནས་ཡོད་པ་དང་། དེས་ནམ་ཡང་དེང་གི་མི་རྣམས་ལ་གནའ་བོའི་ཞང་ཞུང་ཤེས་རིག་དང་དེང་གི་རྒྱལ་རོང་བོད་པའི་རིག་གནས་རྒྱུན་བུ་གཅིག་ལྟར་སྦྲེལ་ཡོད་པ་མཚོན་གྱི་ཡོད།
གོང་གི་རིག་གནས་ལོ་རྒྱུས་ཀྱི་དོན་དངོས་མང་པོ་འདི་དག་གིས་ཞང་ཞུང་དང་རྒྱལ་རོང་བར་གྱི་རིག་གནས་ཀྱི་འབྲེལ་བ་དམ་ཟབ་ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད་པ་དང་། རྒྱལ་རོང་ནི་ཞང་ཞུང་མིན་ཡང་། རྒྱལ་རོང་གིས་ཞང་ཞུང་རིག་གནས་རྒྱུད་འཛིན་དང་། འཕེལ་རྒྱས། ཉར་ཚགས་བྱས་ཡོད་པས། དེང་གི་རྒྱལ་རོང་གི་ཕྱོགས་གང་སར་གནའ་བོའི་ཞང་ཞུང་རིག་གནས་ཀྱི་ཤུལ་ལྷག་གིས་ཁེངས་ཡོད་ཅིང་། དེར་གཏིང་ཟབ་པོས་སྔོག་འདོན་དང་། ཞིབ་འཇུག ཁྱབ་སྤེལ་དུ་བཏང་ན་རིག་གནས་སྲོལ་རྒྱུན་ཕུལ་བྱུང་ཅན་རྒྱུད་འཛིན་བྱེད་པ་དང་། རྒྱལ་རོང་བོད་པའི་རིག་གནས་ཀྱི་རང་རློམ་མཐོར་འདེགས་སུ་གཏོང་བར་ཕན་ནུས་ལྡན་ཞིང་། དེང་གི་རྒྱལ་རོང་ནི་མི་རིགས་སྣ་གཅིག་གི་རྒྱལ་རོང་མ་ཡིན་པར། གནས་འདི་རུ་བོད་རིགས་དང་རྒྱ་རིགས། ཆང་རིགས་སོགས་མི་རིགས་མི་འདྲ་བ་མང་པོས་མཉམ་གཅིག་ཏུ་འཚོ་བ་རོལ་ཏེ་ཐུན་མོང་སྒོས་ས་ཆ་འདིའི་རིག་གནས་གསར་གཏོད་བྱེད་བཞིན་ཡོད། རྒྱལ་རོང་ས་ཆ་འདི་མི་རིགས་སྣ་མང་དང་རིག་གནས་སྣ་མང་འདྲེས་སྦྱོར་བྱེད་པའི་གནས་ཤིག་ཡིན་པའི་ཆ་ནས། དེས་མདོ་དབུས་མཐོ་སྒང་གི་རིགས་རྒྱུད་མི་གཅིག་པ་དང་ཤེས་ཡོན་མི་འདྲ་བའི་བར་ཕན་ཚུན་འཆམ་མཐུན་དང་བཟོད་སྒོམ་མཉམ་གནས་བྱེད་པ་མངོན་པར་མཚོན་ཡོད། ས་ཁུལ་རེ་རེ་དང་དེའི་རིགས་རྒྱུད་ཚང་མ་ཁེར་རྐྱང་སྒོས་གྲུབ་པ་དང་གནས་པ་ཞིག་མ་ཡིན་པར། ཕན་ཚུན་དབར་ཤུགས་རྐྱེན་དང་། སྐྱེ་འཕེལ། ཕན་ཚུན་རུ་སྤར་དང་ཕན་ཚུན་ལ་བརྟེན་ནས་རྒྱུད་འཛིན་དང་འཕེལ་རྒྱས་བྱུང་བ་ཞིག་རེད། རིགས་སོ་སོའི་རིག་གནས་ཀྱི་ཁྱད་གཤིས་ལ་བརྩི་བཀུར་བྱེད་པ་དང་། ཕན་ཚུན་དབར་འཆམ་མཐུན་མཉམ་གནས་བྱེད་རྒྱུ་ནི་མིའི་རིགས་ཀྱི་ཤེས་རིག་གི་འགུག་ཤུགས་གནས་ཡུལ་ཡིན་པར་མ་ཟད། མིའི་རིགས་ཀྱིས་གནའ་ནས་ད་བར་རེ་སྙེག་བྱེད་སའི་བླ་མེད་ཀྱི་དམིགས་ཡུལ་ཞིག་ཀྱང་ཡིན། རྒྱལ་རོང་བོད་པའི་རིག་གནས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་པ་བརྒྱུད། རིག་གནས་སྣ་མང་དང་རིག་བརྒྱུད་སྣ་མང་འཆམ་མཐུན་སྒོས་མཉམ་འདྲེས་མཉམ་གནས་བྱེད་པའི་ལོ་རྒྱུས་ཀྱི་སྲོལ་རྒྱུན་ཁྱབ་སྤེལ་བྱེད་རྒྱུ་ནི་ང་ཚོའི་ཤེས་ཡོན་སྔར་ལས་ལེགས་པའི་སྒོ་ནས་རྒྱུད་འཛིན་དང་། ཐུན་མོང་སྒོས་མཛེས་སྡུག་ལྡན་པའི་མ་འོངས་པ་འཛུགས་སྐྲུན་བྱེད་རྒྱུའི་ཆེད་ཡིན་ནོ།།

 

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།