ཀྲུང་གོའི་རྒྱལ་སྤྱིའི་ཞང་ཞུང་རིག་གནས་དཔྱད་གླེང་ཚོགས་འདུ་དངོས་སུ་འཚོགས་པ།

ཀྲུང་གོའི་རྒྱལ་སྤྱིའི་ཞང་ཞུང་རིག་གནས་དཔྱད་གླེང་ཚོགས་འདུ་དངོས་སུ་འཚོགས་པ།

ཁྲི་བསོད་བསྟན།
c62694ebea8fd02a636532eb8585b3a0

        དེ་རིང་སྟེ། སྤྱི་ཟླ9བའི་ཚེས19ནས་ཉིན་གསུམ་ལ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་བོད་རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་ཤིང་སི་ཁྲོན་སློབ་གྲྭ་ཆེན་མོའི་བོད་རིག་པའི་སྡེ་ཁག་དང་པེ་ཅིན་ཞང་ཞུང་རིག་གནས་ཁྱབ་སྤེལ་མཐུན་གཉེར་ཁང་གཉིས་ཀྱིས་རོགས་འདེགས་བྱས་པའི་ཀྲུང་གོའི་རྒྱལ་སྤྱིའི་ཞང་ཞུང་རིག་གནས་དཔྱད་གླེང་ཚོགས་འདུ་སྐབས་དང་པོ་དེ་པེ་ཅིན་གྱི་བོད་ལྗོངས་གསོལ་མགྲོན་ཁང་དུ་འཚོགས་འགོ་ཚུགས།
2014111601

ཐེངས་འདིའི་དཔྱད་གླེང་ཚོགས་འདུའི་སྟེང་རྒྱལ་ཡོངས་ཀྱི་ཞིབ་འཇུག་ལས་ཁུངས་དང་། སློབ་གྲྭ་དགོན་སྡེ་སོགས་ནས་ཞིབ་འཇུག་པའམ་གདན་ཞུའི་ཚོགས་བཅར་བ་དང་ཟུར་མཉན་པ་སོགས་འབྲེལ་ཡོད་མི་སྣ་བརྒྱ་ལྷག་ཚོགས་འདུ་འདིར་མཉམ་ཞུགས་གནང་ཡོད་ལ། ཚོགས་ཞུགས་མི་སྣ་ནི་རྒྱལ་ནང་གི་བོད་རིག་པ་བ་ལས་གཞན་ད་དུང་ཨ་རི་དང། ཧྥ་རན་སི།  དབྱི་ཐ་ལི། ཁ་ན་ཏ། ཧོ་ལན། ཉི་ཧོང་། ཅེག་སོགས་རྒྱལ་ཁབ་ཚུད་པའི་བོད་རིག་པའི་ཞིབ་འཇུག་པ་རྣམས་ཀྱིས་ཞང་ཞུང་རིག་གནས་དང་གནའ་རྫས་རྟོག་དཔྱོད། ཆོས་ལུགས་དང་སྐད་བརྡ་སོགས་རང་ཉིད་ཀྱི་རིག་གཞུང་ཞིབ་འཇུག་གི་དཔྱད་རྩོམ་སྒྲོག་སྦྱོང་དང་ལྟ་ཚུལ་འདོན་སྤྲོད་གནང་དང་གནང་བཞིན་འདུག

དེ་རིང་སྔ་དྲོའི་ཆུ་ཚོད8:30སྟེང་། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་མཁས་དབང་སྟོང་སྐོར་ཚེ་རིང་ཐར་ལགས་ནས་ཚོགས་འདུ་འདིའི་ཚོགས་ཆེན་དབུ་འབྱེད་ཀྱི་ཤིས་ཚིག་སྒྲོག་འདོན་དང་ཞང་ཞུང་རིག་གནས་དཔྱད་གླེང་ཚོགས་འདུ་འདི་ངོ་སྤྲོད་དང་འཚོགས་དགོས་པའི་དམིགས་དོན་སྐོར་ནས་གསུང་བཤད་གལ་ཆེན་གནང་།02

      རྗེས་སུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་སུང་མིན་དང་བོད་རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་རྡོ་རྗེ་ཚེ་རིང་། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རིག་དངོས་སྲུང་སྐྱོབ་ཚོགས་པའི་དྲུང་ཡིག་གཞོན་པ་དང་།པེ་ཅིང་ཞང་ཞུང་རིག་གནས་ཁྱབ་སྤེལ་མཐུན་གཉེར་ཁང་གི་འགན་འཛིན་པ་ཁྲན་ལིང་སོགས་ནས་ཞང་ཞུང་རིག་གནས་ནི་བོད་རང་ས་ནས་དར་བའི་གནའ་བོའི་རིག་གནས་ཤིག་ཡིན་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་གལ་ཆེན་ཞིག་ཏུའང་གྲུབ་ཡོད་པས། ཞང་ཞུང་རིག་གནས་སྐོར་ལ་ཞིབ་འཇུག་དང་མཐོང་ཆེན་མཛད་དགོས་ཚུལ་གྱི་གཏམ་བཤད་གནང་།03 04 05

ཚོགས་ཐེངས་དང་པོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་དོན་གྲུབ་ལྷ་རྒྱལ་ལགས་ཀྱིས་མདོ་འཛིན་བྱས་ཤིང་། ཐོག་མར་སི་ཁྲོན་སློབ་ཆེན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཚན་ཁག་གི་ཧོ་ཝེ་ལགས་ཀྱིས་ལོ་ངོ་དུ་མའི་རིང་ལ་བོད་ཀྱི་ནུབ་ཕྱོགས་སུ་རྡོ་བརྩིགས་དུར་ཁུང་དང་རྡོ་སྤུངས་བང་སོ། རྡོ་ཡི་དུར་ཁུང་། གསེར་གྱི་ཞལ་འབག ཤིང་བཟོས་རོ་སྒམ། ལི་བཟོས་ཡོ་བྱད། དར་གོས་དང་ཇ་ལ་སོགས་པའི་རིག་དངོས་མང་པོ་ཞིག་རྙེད་པ་ལས་ལོ་རྒྱུས་ཡིག་ཆ་དང་གནའ་རྫས་དཔྱད་ཞིབ་ཀྱི་འབྲས་བུ་གཉིས་གཤིབ་བསྡུར་བྱས་ནས་དཔྱད་ན་སངས་རྒྱས་ཆོས་ལུགས་མ་དར་བའི་སྔོན་རོལ་དུ་ཞང་ཞུང་རིག་གནས་ཀྱི་ཁྱད་ཆོས་ཤིག་མངོན་པར་མ་ཟད་འབྲེལ་བ་དམ་ཟབ་ཡོད་པ་རྟོགས་ཐུབ། དེ་དག་ཆེས་འཕྱི་ནའང་སྤྱི་ལོ་སྔོན་གྱི་ལོ་ངོ་ཆིག་སྟོང་ཙམ་གྱི་སྔ་གཞུག་ཏུ་ཡུལ་གྲུ་འདིར་ཞང་ཞུང་ཤེས་རིག་གི་ལྟེ་བ་ཞིག་ཡིན་པ་ཤེས་ཐུབ་ཅེས་དཔྱད་གཏམ་སྒྲོགས་སྦྱངས་བྱས།06

རྗེས་སུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་མཁས་ཆེན་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ནས་ཞང་ཞུང་དང་བོན་གྱི་རྟེན་ལྔའི་ཁྲོད་ཀྱི་ཞལ་འབག་སེར་པོ་ཞེས་ཉེ་བའི་ལོ་ཤས་འདི་དག་གི་རིང་ལ་གནའ་རྫས་རྟོག་ཞིབ་པ་ཚོས་གུར་གྱམ་དགོན་དང་ཐག་ཉེ་སར་གསར་དུ་རྙེད་པའི་བང་སོ་ལས་གཡུ་བྱུར་དང་གཟི། མུ་ཏིག ཟངས་ལྕགས་སོགས་ལས་ཆེས་ངོ་མཚར་བ་ནི་གསེར་ལས་གྲུབ་པའི་ཞལ་འབག་འདི་རེད། དེས་ཞིབ་འཇུག་པ་མང་པོའི་ཡིད་དབང་བཀུག་ཅིང་ཀུན་གྱིས་གསེར་གྱི་ཞལ་འབག་གི་མཚོན་དོན་ལ་ལྟ་ཚུལ་སྣ་ཚོགས་བརྗོད་ཡོད་ཀྱང་གནའ་རྫས་རྟོག་ཞིབ་པས་དངོས་པོ་རང་སྟེང་ལས་དེའི་ཆོ་གའི་བྱེད་ནུས་སོགས་ལ་དཔྱད་པ་གཏོང་མ་ཐུབ་པར་ལྷག་འདུག ཁོང་གིས་ཏུན་ཧོང་བོན་གྱི་ཡིག་རྙིང་དང་བོན་གྱི་འདུར་གྱི་ཆོ་ག་དུ་ཏྲི་སུའི་སྒྲུབ་གཞུང་མ་རིག་མུན་སེལ་ལས་ཞལ་འབག་དང་འབྲེལ་བ་ཡོད་པའི་ཚིག་དོན་དང་འགྲེལ་བརྗོད་བྱས་ཏེ་དཔྱད་གཏམ་གལ་ཆེན་སྤེལ།
07

ཉི་ཧོང་གི་བོད་རིག་པའི་ཞིབ་འཇུག་པ་གྲགས་ཅན་ཡ་སུ་ཧི་ཀོ་ན་གཱ་ནོ་Yasuhiko Naganoནས་ཞང་ཞུང་ཞིབ་འཇུག་སྐོར་ནས་དཔྱད་གླེང་ཚོགས་འདུ་འདི་ལྟ་བུ་ཞིག་སྤེལ་བ་བོད་རིག་པ་ཙམ་མ་ཟད་ཡ་གླིང་ནང་ལོགས་ཞིབ་འཇུག་དང་བོད་འབར་སྐད་ཁྱིམ་གྱི་ལོ་རྒྱུས་རྣམས་སྐད་བརྡ་རིག་པའི་ཞིབ་འཇུག་གི་ངོས་ནས་ཀྱང་དོན་སྙིང་ཆེན་པོ་ལྡན་པ། ཉི་ཧོང་རྒྱལ་ཁབ་ཀྱི་ཞང་ཞུང་སྐད་ཞིབ་འཇུག་གི་ད་ལྟའི་གནས་སྟངས་དང་འདས་ཟིན་པའི་གནས་ཚུལ་སྐོར་གླེང་བ་དང་།
08
ཨ་རི་ནས་ཕེབས་པའི་བོད་རིག་པའི་ཞིབ་འཇུག་པ་མར་ཁེ་ཨོ་ཏེན་ཏར་ཧྥེར་Mark Aldenderferནས་ཞང་ཞུང་རིགས་རྒྱུད་ཀྱི་མཚན་ཉིད་རྒྱ་བསྐྱེད་པ་ཞེས་ཞང་ཞུང་གི་རིགས་རྒྱུད་ཐད་ཀྱི་གནད་དོན་སྐོར་དང་ཧི་མ་ལ་ཡའི་ནུབ་ཁུལ་གྱི་གནའ་རྫས་ཁག་ལ་རྟོག་ཞིབ། ཞང་ཞུང་གི་ས་ཁྱོན་ཧྲིལ་བོ་ལ་དཔྱད་པ་བཏང་བའི་གཏམ་བཤད་སྤེལ།
09

ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྟོང་སྐོར་ཚེ་རིང་ཐར་ལགས་ནས་དུས་རབས་བརྒྱད་པའི་སྐབས་ཀྱི་བན་བོན་གྱི་འབྲེལ་བ་དང་བན་བོན་རིམ་གྱིས་མཉམ་འདྲེས་བྱུང་ནས་མི་སེམས་སུ་ཟུག་པ་དང་བསྟུན་ནས། བོན་བསྟན་གྱི་དད་མོས་རྨང་གཞི་བྱས་ཤིང་ནང་ཆོས་ཀྱིས་གཙོ་ཁྲིད་བྱེད་པའི་འཇིག་རྟེན་ལྟ་ཚུལ་དང་རིན་ཐང་གི་ལྟ་བ་གསར་བ་ཞིག་ལ་དག་ཐེར་བྱས་པ་བརྒྱུད་རྣམ་པ་གསར་བ་ཞིག་གི་ངོས་ཐད་ནས་རིམ་བཞིན་ཉེ་བའི་དུས་རབས་འགའི་བོད་མི་རིགས་ཀྱི་ལོ་རྒྱུས་དང་བོན་གསར་མའི་བྱུང་བའི་སྐོར་ལ་གཏམ་དཔྱད་དང་། 10བསྟན་པ་རྒྱལ་མཚན་ལགས་ནས་ནག་ཆུའི་འོམ་བུ་དགོན་གྱི་ནང་རྟེན་ཁྲི་རྗེ་ལུང་བསྟན་གྱི་དཔེ་རྙིང་དང་ཁྲོ་ཕུར་གྱི་འགྲེམ་སྟོན་དང་ཚོགས་མི་ལྷན་བཞུགས་ཀྱི་མཉམ་པར་བསྒྲོན་རྗེས་ཉིན་གུང་གི་ཟས་སྟོན་ལ་རོལ།11

ཕྱི་དྲོར། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲང་ཡོན་ZhangYunལགས་ཀྱིས་མདོ་འཛིན་བྱས་ཤིང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དོན་གྲུབ་ལྷ་རྒྱལ་གྱིས་ཞང་ཞུང་བར་པའི་ལྟེ་གནས་ངོས་འཛིན་དང་། དང་ར་གཡུ་མཚོའི་ཉེ་འཁོར་གྱི་གནའ་ཤུལ་གྲགས་ཅན་དང་བོན་དགོན་ཁག་གི་ལོ་རྒྱུས་རིན་ཐང་གང་ཡོད་སྐོར་ལ་གཏམ་གླེང་དང་། 1213ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐོགས་མེད་ལགས་ཀྱིས་ཞང་ཞུང་སྒྲ་འགྲེལ་དང་ཤར་རྒྱལ་མོ་རོང་གི་ཉེ་འདབས་ས་འོག་ནས་རྙེད་སོན་བྱུང་བའི་གནའ་རྫས་བཞི་སྟོང་ལ་ཉེ་བ་ལས་འཁར་སྡོང་ཆེན་མོའི་མཚོན་དོན་དང་བོན་གཞུང་གྲགས་ཅན་ཞང་ཞུང་སྒྲ་འགྲེལ་གྱི་གཞུང་དོན་ལྟར་འགྲེལ་བརྗོད་བྱས།14

བོད་ལྗོངས་མི་རིགས་སློབ་ཆེན་གྱི་དགེ་རྒན་ཁྲན་ལི་ཧྭ་ChenLiHuaནས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་ལས་རྒྱལ་བ་བྲུའི་གདུང་རྒྱུད་ལས་འཁྲུངས་པའི་པན་ཆེན་སྐུ་ཕྲེང་ལྔ་བ་དང་བརྒྱད་པའི་མཛད་རིམ་དང་དེ་དུས་ཀྱི་བན་བོན་གྱི་འབྲེལ་བ། གཙང་བཀྲ་ཤིས་ལྷུན་པོ་དང་བོན་དགོན་ཁག་གི་འབྲེལ་བའི་སྐོར་ནས་གཏམ་བཤད་སྤེལ་བ་དང་། 15བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་རིན་སྤུངས་ཚུལ་བསྟན་ནས་གཟི་རྩ་སྡེ་དགུ་རྫོང་དུ་བོན་གྱི་དཔེ་རྙིང་སྐོར་འཚོལ་བསྡུར་ཕྱིན་པའི་བརྒྱུད་རིམ་དང་ལག་སོན་བྱུང་བའི་དཔེ་རྙིང་འགའི་ཁྱད་ཆོས་ངོ་སྤྲོད་གནང་།16

ཨ་རི་ཝར་ཇི་ཉི་ཡ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཇོང་ཝིན་སེན་ཐ་པེ་ལེ་ཛJohn Vincent Bellezzaརྒྱ་གར་གྱི་ཧི་མ་ཅལ་ཕི་རད་རྡེ་ཞིའི་ཟེ་པི་ཏི་ས་ཁུལ་གྱི་རྡོ་བརྐོས་རི་མོ་དང་བང་སོ། ཤུལ་དངོས་སྐོར་དང་ཞང་ཞུང་ས་ཁུལ་གྱི་རྡོ་བརྐོས་རི་མོ་སོགས་ལ་མཉམ་ཞིབ་བྱས་པ་བརྒྱུད་ས་གནས་དེ་དག་གི་ཤུལ་དངོས་རིག་གནས་སྐོར་ཞང་ཞུང་རིག་གནས་ལ་འབྲེལ་བ་དམ་ཟབ་ཡོད་པའི་སྐོར་ནས་གཏམ་བཤད་སྤེལ་བ་དང་། 17མངའ་རིས་སྨན་རྩིས་ཁང་གི་བསྟན་ཆོས་དབང་གསལ་གྱིས་བོན་གྱི་དཔེ་རྙིང་ནང་འཁོད་པའི་ཞང་ཞུང་ཡུལ་དབུས་ཀྱི་མཁར་རྫོང་འགའ་ངོས་འཛིན་དང་གནས་གང་དུ་ཡོད་མེད་སྐོར་ནས་མཚམས་སྦྱོར་གྱི་དཔྱད་རྩོམ་སྤེལ།18

ཧྥ་རན་སི་རྒྱལ་ཁབ་ཚན་ཞིབ་ལྟེ་གནས་བོད་རིགས་ཞིབ་འཇུག་སྡེ་ཁག་གི་ཨ་མིས་ཧེ་ལེརAmy hellerནས་བོད་ཀྱི་བང་སོ་དག་ལས་རྙེད་པའི་གསེར་དངུལ་ཟངས་ལྕགས་དང་ཤིང་ལས་གྲུབ་པའི་ཅ་ལག་དག་གི་སྟེང་དུ་མངོན་པའི་བྱ་དང་ཤྭ་བའི་རིགས་ལ་དཔྱད་པ་དང་ཆོ་གའི་ཁྲོད་ཀྱི་བྱ་དང་ཤྭ་བའི་བྱེད་ནུས་སོགས་ལ་དཔྱད་གཏམ་སྤེལ། 19ཀྲང་ཡུ་ཧུ་ZhangYuHuiནས་ཞང་ཞུང་དང་འབྲེལ་ཡོད་གནའ་རབས་ཀྱི་ཐམ་ག་རྙིང་པ་འགྲེམ་སྟོན་བྱས་རྗེས་དེ་རིང་གི་ཚོགས་འདུའི་ལས་རིམ་སྐབས་སུ་མཇུག་རྫོགས་པའོ།།20

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།