ཀྲུང་གོའི་རྒྱལ་སྤྱིའི་ཞང་ཞུང་རིག་གནས་དཔྱད་གླེང་ཚོགས་འདུའི་ཉིན་གསུམ་པའི་གནས་ཚུལ་རགས་བསྡུས།

ཀྲུང་གོའི་རྒྱལ་སྤྱིའི་ཞང་ཞུང་རིག་གནས་དཔྱད་གླེང་ཚོགས་འདུའི་མཇུག་མཐའི་ཉིན་གྱི་གནས་ཚུལ་རགས་བསྡུས།

ཁྱུང་དཀར་ཟླ་བ།

སྔ་དྲོའི་ཚོགས་ར།

 

ཟླ9བའི་ཚེས21ཉིན་གྱི་ཞོགས་པའི་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་ཀྲུང་གོའི་རྒྱལ་སྤྱིའི་ཞང་ཞུང་རིག་གནས་དཔྱད་གླེང་ཚོགས་འདུའི་མཇུག་མཐའི་ཉིན་གྱི་ཚོགས་ཆེན་གྱི་དབུ་འཛུགས་གནང་།

01མདོ་འཛིན་པ། ཏཱ་ནིལ་བྷེ་རོན་སི་ཀི(Daniel Berounsky)

02ཐོག་མར་མཛོད་དགེ་ཨ་སྐྱིད་སྐྱང་ཚང་དགོན་པའི་བླ་མ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་ཚང་ནས༼ཞང་ཞུང་གི་ལོ་རྒྱུས་རིག་གནས་དང་ཆོས་ལུགས་ལ་དཔྱད་པ༽ཞེས་ཞང་ཞུང་གི་ཡུལ་དང་རྒྱལ་རབས་སོགས་བོན་གཞུང་ལས་བྱུང་བ་གཞིར་བཞག་སྟེ། ཞང་ཞུང་ཇུ་ཐིག་སོགས་ཀྱི་མོ་ཡིག་དང་། འབུམ་བཞི་སོགས་གསོ་རིག་སྨན་དཔྱད་ཀྱི་སྐོར་ལས་འཕྲོས་ཏེ་ཐེག་པ་རིམ་དགུ་སོགས་གཡུང་དྲུང་བོན་གྱི་གཞུང་ལུགས་སྐོར་ནས་ངོ་སྤྲོད་གནང་།

03དེའི་རྗེས་སྐུ་ཞབས་ཧེང་ཁ་བྷ་ལེ་ཛར(Henk Blezer)ལགས་ཀྱིས་བོད་ཀྱི་རིག་གནས་དང་ཕྱིའི་རིག་གནས་ཁྲོད་ཀྱི་ཞང་ཞུང་གི་མངོན་སྟངས་དང་ཡལ་སྟངས་སྐོར་ནས་གླེང་བརྗོད་གནང་།

04མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་འབྲུག་མོ་སྐྱིད་ལགས་ཀྱིས་གནའ་རབས་ཞང་ཞུང་ནས་དར་བའི་བོན་གྱི་གཏོའི་རིག་གནས་ཀྱི་དར་འཕེལ་དང་དེའི་དགོས་ཕན། རྣམ་གྲངས། བོད་མིའི་སྤྱི་ཚོགས་འཚོ་བའི་བར་གྱི་འབྲེལ་བ་སོགས་དང་འབྲེལ་དེའི་ཞིབ་འཇུག་གི་རིན་ཐང་སོགས་ངོ་སྤྲོད་གནང་།

05བོད་ལྗོངས་སློབ་ཆེན་གྱི་རྒན་ཨོ་རྒྱན་རྒྱལ་མཚན་ལགས་ནས་བན་བོན་གྱི་ལོ་རྒྱུས་དེབ་ཐེར་ཁག་ལས་བྱུང་བའི་པུ་ཧྲང་ཞེས་པའི་ཡུལ་མིང་གི་འབྲི་ཚིགས་ཀྱི་རྣམ་གྲངས་དང་། སྒྲ་བཤད། ཡུལ་དེའི་སྐོར་གྱི་དམངས་ཁྲོད་ངག་འགྲོས། ཡུལ་ལུང་གི་བཀོད་པ་དང་ཁྱད་ཆོས་སོགས་ལས་འཕྲོས་ཏེ་ངོ་སྤྲོད་གནང་།

06རྒན་ཨ་སྔགས་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ཞང་ཞུང་དང་བོན་གྱི་རིག་གནས་གླེང་བ་བརྒྱུད་ཉེ་དུས་འདིར་ཞང་ཞུང་བོན་བསྟན་རིག་གནས་སྐོར་གྱི་དཔེ་རྒྱུན་དཀོན་པོ་མང་པོ་འཚོལ་སྡུད་དང་ལེགས་སྒྲིག་པར་བསྐྲུན་བྱས་པའི་སྐོར་གླེང་བརྗོད་གནང་།

07མངའ་རིས་གུར་གྱམ་དགོན་པའི་ཚུལ་ཁྲིམས་ཕུན་ཚོགས་ལགས་ནས་ཁྱུང་ལུང་དངུལ་མཁར་གྱི་ཡུལ་ལུང་ངོས་འཛིན་སྟངས་དང་འབྲེལ་གུར་གྱམ་དགོན་པའི་གནའ་བོའི་གསེར་འབག་དང་དར་གོས་སྐོར་ནས་གླེང་བརྗོད་གནང་རྗེས་གུང་ཟས་ལ་རོལ།

ཕྱི་དྲོའི་ཚོགས་ར།

09མདོ་འཛིན་པ། ཁྲང་ཅཱ་ཧོང་། (常嘉煌)

08སྐུ་ཞབས་ཧའུ་ཅུའུ་ཁྲེ་ལགས་ཀྱིས་ཚན་རིག་དང་འབྲེལ་ནས་ཞང་ཞུང་ཤེས་རིག་གནས་ཐུབ་པའི་ནམ་ཟླའི་རྒྱབ་ལྗོངས་སྐོར་དཔྱད་གླེང་གནང་།

10རྒན་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་གེ་སར་རྒྱལ་པོའི་སྒྲུང་གི་འབྱུང་ཁུངས་དང་འཕེལ་རིམ་གྱི་ཐོག་ནས་ཞང་ཞུང་རིག་གནས་ཀྱིས་བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་ཏུ་ཟིན་པའི་གོ་ས་དང་ཤུགས་རྐྱེན་སྐོར་གླེང་བརྗོད་གནང་།

11ཧོར་བ་དཀོན་མཆོག་ཚེ་རིང་ལགས་ཀྱིས་བོད་ཀྱི་རླུང་རྟའི་མིང་དང་འབྲི་ལུགས་སོགས་དང་འབྲེལ་ཡོ་རོབ་ཀྱི་རི་མོ་ཞིག་དང་ཞིབ་བསྡུར་གྱིས་གཏམ་གླེང་གནང་།

12སྐུ་ཞབས་བན་ཤུལ་དཔལ་མཁར་རྒྱལ་ལགས་ཀྱིས་ཡིག་ཆ་སྣ་ཚོགས་དང་འབྲེལ་ཏེ་ཞང་ཞུང་དགྲ་བླ་མུ་ཙ་མེད་ཀྱི་སྐོར་ནས་གཏམ་གླེང་གནང་།

13སྐུ་ཞབས་ཧྲི་ཧའོ་ལགས་ཀྱིས་རྡོ་མཁར་ལ་ཁྱུང་ལུང་དུ་གསོལ་བའི་ཐ་སྙད་ལས་ཞང་ཞུང་རིག་གནས་ཤར་ཕྱོགས་སུ་མཆེད་དང་དུས་ནམ་ཞིག་ལ་མཆེད་པའི་སྐོར་ནས་གཏམ་གླེང་གནང་། 14སྐུ་ཞབས་མཆོག་ལྡན་ཐར་ལགས་ནས་ཟུང་ཆུའི་དམངས་ཁྲོད་ཀྱི་ཕུ་ནུ་ཚོགས་པ་རྩ་འཛུགས་དང་དེས་སྤྱི་ཚོགས་ཀྱི་རྩོད་དོན་འདུམ་འགྲིག་ཐད་བཏོན་པའི་ཕན་ནུས་སྐོར་ནས་གླེང་བརྗོད་གནང་།

མཇུག་མཐར་ཆུ་ཚོད་ལྔ་དང་སྐར་མ་བཅུ་ཡས་མས་ཙམ་ལ་ཀྲུང་གོའི་གྲངས་ཉུང་མི་རིགས་རིག་དངོས་སྲུང་སྐྱོབ་ཚོགས་པའི་དྲུང་ཡིག་གཞོན་པ། པེ་ཅིང་ཞང་ཞུང་རིག་གནས་ཁྱབ་སྤེལ་མཐུན་གཉེར་ཁང་གི་འགན་འཛིན། རྩོམ་པ་པོ་ཁྲན་ལིང(陈泠)ནས་མདོ་འཛིན་བགྱིས་ཤིང་དགེ་རྒན་ཆེན་མོ་སྟོང་སྐོར་ཚེ་རིང་ཐར་ལགས་དང་བོད་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་དབུ་ཁྲིད་རྡོ་རྗེ་ཚེ་རིང་། ཨ་རིའི་ཧྥུའུ་ཇི་ཉི་ཡ་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཇོང་ཝིན་སེན་ཐ་པེ་ལེ་ཛ(John Vincent Bellezza) ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྐུ་ཞབས་ཀྲང་ཡུན་སོགས་ཀྱིས་ཚོགས་ཆེན་གྱི་མཇུག་བསྡུའི་གཏམ་བཤད་གནང་བ་མ་ཟད་རྒྱལ་ཁབ་ཕྱི་ནང་ནས་ཕེབས་པའི་ཆེད་མཁས་པ་དག་ལ་བཀའ་དྲིན་ཞུ་གསོལ་དང་བཅས་རྟེན་འབྲེལ་མཚོན་བྱེད་ཙམ་དུ་མེ་ཏོག་ཚོམ་བུ་རེའི་ལེགས་སྐྱེས་དང་བཅས་སྐབས་དང་པོའི་རིག་གཞུང་དཔྱད་གླེང་ཚོགས་འདི་བཀྲ་ཤིས་བདེ་བླག་ངང་མཇུག་གྲུབ་པར་བྱས་སོ།། སྐབས་འདི་དང་བསྟུན་ཏེ་ངེད་རེབ་གོང་བོན་མང་དྲ་ཚིགས་ནས་ཀྱང་ཚོགས་ཆེན་འདིའི་དབུ་འཛིན་པ་སྟོང་སྐོར་ཚེ་རིང་ཐར་ལགས་གཙོ་བྱས་པའི་ལས་སྒྲུབ་པ་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ།།
15 16 17 18 19 20

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།