རེབ་གོང་བོན་བརྒྱ་དགོན་གྱི་དབལ་གསས་རྔམ་པའི་བསྙེན་སྒྲུབ་དང་གཤེན་གྱི་གར་འཆམ། 

རྩོམ་པ་པོ།   བོན་ནག་ཚང་ཡེ་ཤེས་བློ་གྲོས།

མདོ་སྨད་བྱང་རྒྱུད་ཀྱི་ཕྱོགས་སུ་བོན་བརྒྱ་དགོན་པ་ནི་བོན་གྱི་གདན་ས་ཅུང་ཆེ་ཤས་སུ་གནས་ཡོད་ལ་རྒྱལ་སྤྱིའི་བོད་རིག་པའི་མཁས་ཆེན་བོན་བརྒྱ་རིན་པོ་ཆེའི་ཐུགས་དགོངས་ལས་བཤད་པ་འཆད་ཉན་དང་སྒོམ་པ་ཉམས་ལེན་གྱི་སྡེ་སོགས་རྒྱས་པར་བྱས་ཡོད། སྤྱིར་དགོན་པ་ཞིག་ལ་མཚོན་ན་བཤད་པ་འཆད་ཉན་གྱི་སྡེ་དང་སྒོམ་པ་ཉམས་ལེན་གྱི་སྡེ་སོགས་མེད་ན་དེ་ནི་གྲོང་སྡེ་ཞིག་དང་འདྲ་བར་གནས་པས། དགོན་པ་ཞིག་ཡིན་ན་བཤད་སྒྲུབ་གཉིས་ཀ་མེད་དུ་མི་རུང་བ་ཞིག་རེད། IMG_0976IMG_0975

འདི་ནི། ང་ཚོ་བོན་བརྒྱ་དགོན་པའི་སྟོན་གྱི་སྒྲུབ་པ་ཆེན་མོ་དབལ་གསས་རྔམ་པའི་སྒྲུབ་པ་རེད། བླ་མ་དང་གྲྭ་སྔགས་བརྒྱ་ཕྲག་ལྷག་གིས་ཉིན་བརྒྱད་ཀྱི་རིང་ལ་དབལ་གསས་རྔམ་པའི་བསྙེན་སྒྲུབ་ལ་བརྩོན་ཞིང་འདི་ལྟར་བརྩོན་དགོས་པ་ནི་རང་དོན་ཁོ་ན་མ་ཡིན་ལ། རང་དོན་གྱི་ཆེད་དུ་བརྩོན་ན་དབལ་གསས་རྔམ་པའི་སྒྲུབ་གཞུང་གི་ཆེ་བ་མི་འོང་བས་གཞན་དོན་གྱི་ཆེད་དུ་བརྩོན་པ་རེད། སེམས་ཅན་ཐམས་ཅད་བདེ་ལྡན་གྱི་ལམ་དུ་སྨོན་པའི་ཆེད་དུ་བརྩོན་པ་རེད། སྤྱིར་གསང་བ་སྔགས་ཀྱི་གཞུང་ལུགས་ནི་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་ཤིག་ཡིན་ལ། འདི་ནི། སྟོན་པ་གཤེན་རབ་ཀྱི་བསྟན་པ་ཁོ་ན་ལགས་པས། འདི་ལ་ཐབས་ཤེས་ཡ་མ་བྲལ་བ་ཞིག་ཅིས་ཀྱང་འཛོམ་དགོས། 
IMG_0969 IMG_0971

གཤེན་གྱི་གར་འཆམ་ནི་དམངས་ཁྲོད་ཀྱི་རྩེད་རིགས་དང་མི་འདྲ་བར་གསང་བ་སྔགས་ཀྱི་སྒྲུབ་གཞུང་དང་འབྲེལ་དགོས་ལ་འབྲེལ་བའི་བོན་ཉིད་ཀྱི་ཁྲོད་ནས་ཡི་དམ་དང་སྲུང་མ་སྤྱན་འདྲེན་པ་དང་མཆོད་པ་འབུལ་བ། འགུག་སྒྲོལ་གྱི་གནས་ལ་སྦྱོར་བ། སེམས་ཅན་ཐམས་ཅད་བདེ་ལྡན་དུ་སྨོན་པའི་བོན་ཉིད་མཆིས། ང་ཚོ་བོན་བརྒྱ་དགོན་པ་ལ་ཐུན་མིན་གྱི་ཁྱད་བོན་ཞིག་ཡོད་པ་ནི་བྱིན་བབ་པའི་གོ་རིམ་ཡིན། IMG_0973འདི་ནི་ད་སྐབས་བོད་གངས་རིའི་ཁྲོད་ན་ང་ཚོ་མ་གཏོགས་པའི་མཐོང་བ་དཀོན་པོ་རེད། བྱིན་བབ་པའི་གོ་རིམ་ནི་དད་པ་དང་དམ་ཚིག་གཙང་བའི་སྐྱ་སེར་སུ་ཡིན་ན་ཡི་དམ་དང་བླ་མའི་བྱིན་རླབས་རྒྱུད་ལ་ཞུགས་པའི་རྟགས་སུ་རྒྱུགས་པ་དང་། འཁྲབ་པ། ངུ་བ། ལྡིང་བ། དགོད་པ་སོགས་ཀྱི་རྟགས་འོང་བ་རེད།  འདི་ནི། དམངས་ཁྲོད་ཀྱི་ལྷ་བབ་པའི་གོ་རིམ་དང་མི་འདྲ། ད་སྐབས་དགོན་པ་ཁག་དང་། ཡང་ན། ཟློས་གར་ཚོགས་པ་ཁ་ཤས་ཀྱིས་གར་འཆམ་འདིའི་ངོ་བོ་བོར་ནས་རྩེད་ཆས་དང་འདྲ་བར་མཁར་གྲོང་གི་གར་སྟེགས་སུ་འཁྲབ་སྟོན་མང་པོ་བྱེད་བཞིན་འདུག  དོན་ངོ་མ་གར་འཆམ་ལ་ལྟ་སྒོམ་སྤྱོད་གསུམ་གྱི་ཡིན་ལུགས་མངའ་བས་གར་འཆམ་ནི་རྩེད་ཆས་མ་རེད། དོན་ངོ་མ་གར་འཆམ་ནི་བོད་རང་ས་ནས་དར་བའི་བོན་པོའི་རིག་གནས་ཀྱི་ཁྱབ་ཁོངས་གསང་སྔགས་ཀྱི་ལས་མཐའ་ལས་མ་འདས་པ་ཞིག་རེད་དོ།།

 IMG_097216
                                                                                           ༢༠༡༥  ༩  ༢༣  ཉིན་བྲིས།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།