གསས་ཁང་རྒྱལ་བསྟན་ཡེ་ཤེས་རྒྱ་མཚོའི་གླིང་གསར་དུ་བཞེངས་པ།

ངོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་གསས་ཁང་རྒྱལ་བསྟན་ཡེ་ཤེས་རྒྱ་མཚོའི་གླིང་གསར་དུ་བཞེངས་པའི་རྣམ་བཤད་རིག་འཛིན་དགྱེས་པའི་དགའ་སྟོན།

དྲུང་མུ་གྱེར།

   དེ་ཡང་བྱིན་རླབས་ཀྱི་དྲོད་མ་ཡལ་ཞིང་སྒྲུབ་བརྒྱུད་ཀྱི་མདངས་མ་ཤོར་བའི་ངོ་མོ་རྒྱལ་བསྟན་ཡེ་ཤེས་རྒྱ་མཚོའི་གླིང་ཞེས་པའི་སྒྲུབ་སྡེ་འདི་ནི་སྤྱི་ལོ་དུས་རབས་དགུ་བར་རེབ་གོང་བོན་མང་ཕུར་ ཐོགས་སྟོང་དང་དགུ་བརྒྱས་ཁོང་གི་སྙིང་དང་། དཔྲལ་བའི་མིག་ཏུ་འཛིན་པའི་གྲུབ་ཐོབ་རྣམ་གསུམ་ཞེས་མཚན་སྙན་གྱི་བ་དན་སྲིད་པའི་རྩེ་མོར་བསྒྲེངས་བ་ལས་སྤུན་འབྲིང་བོ་ངོ་མོ་ཡེ་ཤེས་མཚོ་རྒྱལ་ཞེས་སུ་འབོད་པ་སྦས་པའི་རྣལ་འབྱོར་བ་ཆེན་མོ་དེ་ཡིས་ཤར་གྱི་རི་བོའི་གཡས་ཟུར་དཀོན་མོ་ཉིན་དུ་བཏབ་སྟེ་ད་བར་དུ་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ཡོད་པ་དང་། དགོན་སྡེ་དེ་ནས། མདོ་སྔགས་རྫོགས་གསུམ་ལ་རྩལ་རྫོགས་པའི་སློབ་ཚོགས་མང་པོ་ལེགས་པར་བསྐྱངས་བའི་རྒྱུན་བསྲིངས་ནས་བདེ་དགེ་ལེགས་ཚོགས་ཀྱི་དཔྱིད་དཔལ་རབ་ཏུ་རྒྱས་ནའང་། སྙིགས་མའི་བདུད་ཀྱི་མཆེ་བར་ན་ལུས་པའི་ལས་ཀྱི་རྣམ་ཤེས་ཕྲ་མོ་དེ་སྲིད་པའི་འཁོར་ལོའི་མུ་ཁྱུད་དང་བསྡོངས་ནས། ཡང་ཡང་འཁོར་བའི་འདུ་བྱེད་ཀྱི་རྒྱུ་བ་མ་ལྷོད་པས། ལྡོག་མེད་མི་རྟག་སྒྱུ་མའི་ལུས་ཀྱི་རང་མདངས་དེ་མི་འདོད་བཞིན་དུ་འཚེར་བ་ནི་འགྲོ་བ་སྤྱི་མཐུན་གྱི་ལས་སུ་གྲུབ་པ་ཡིན་ཕྱིར། ཇི་སྐད་དུ། གྲུབ་ནི་སྤྱི་མཐུན་ལས་ལས་གྲུབ། ཅེས་གསུངས་ཡོད་ལ།དེ་ཡང་རང་ཅག་གཡུང་དྲུང་བོན་གྱི་བསྟན་པ་ཁོ་ན་མ་ཡིན་པར་ས་དགེ་རྙིང་གསུམ་གྱི་བསྟན་པ་མཐའ་དག་ལ་ཆག་འཇིག་གི་འགོ་བརྩམས་ནས་བསྟན་པའི་མེ་ཕུང་ལ་གནོད་པའི་ཆར་བ་གཅིག་འཕྲོར་གཅིག་གིས་བབས་པ་ནི་གནའ་མིའི་ངག་རྒྱུན་ན་བཀོད་མའི་ཆུ་བཞིན་རྒྱུན་ཆད་མེད་པར་ལྷོག་ལྷོག་ཏུ་འཕྱུར་བ་དང་ཀུན་ནས་མཚུངས་ཞིང་།དེ་ནི་སེམས་ཁོང་གི་ན་ཟུག་ཏུ་གླེང་བའི་གཏམ་རྒྱུད་ལྟ་བུ་ཞིག་ཏུ་ཆགས་ཡོད།དེ་ལྟར་དུ་བདག་ཅག་གི་བླ་མ་རིན་པོ་ཆེ་བོན་བརྒྱ་དགེ་ལེགས་ལྷུན་འགྲུབ་རྒྱ་མཚོ་མཆོག་གིས་བརྩམས་གནང་མཛད་པའི་བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་ལས་ཀྱང་། སྤྱི་ལོ་ཆིག་སྟོང་ཉིས་བརྒྱ་དྲུག་གི་ལོར་ཇིང་གར་གྱིས་བོད་ཁམས་དབང་དུ་བསྡུས།སོག་དམག་བོད་དུ་ཐོན།དེ་ནས་བཟུང་ཆོས་སྲིད་གཉིས་ཆར་ཕྱོགས་དང་རིས་སུ་ཆད་ནས་བོད་མི་རིགས་ཀྱི་ནང་ནས་ཕྲག་དོག་ཆགས་སྡང་གིས་རྩོད་གླེང་དང་།མི་རིགས་གཞན་གྱིས་བཙན་འཛུལ་དང་གཉའ་གནོན་ཕྱོགས་གཅིག་ཏུ་འཁེལ་ནས།བསྟན་པ་ལ་འཚེ་བ་ཆེན་པོ་བྱས།ངོ་མོ་ཡེ་ཤེས་མཚོ་རྒྱལ་གྱིས་ཕྱག་བཏབ་པའི་དཀོན་མོ་ཉིན་དགོན་ཡང་འཇིག་ནས་བསྟན་པ་ཉག་ཕྲ་བར་གྱུར།ཞེས་གསུངས་པ་དེ་ནི་རྫུན་གཏམ་ཆུ་རྙོག་ངང་གིས་སེལ་པའི་བདེན་ཚིག་ནོར་བུའི་དངོས་གྲུབ་ཏུ་འཁུམས་སོ།།

     མི་རྟག་སྒྱུ་མའི་བསླུ་བྲིད་ལས།།བསྟན་པ་རིན་ཆེན་ས་ལེ་སྦྲམ།།རེ་ཞིག་རྡུལ་ཁྲོད་འགྲིམ་ན་ཡང་།།སྨོན་ལམ་མཐུ་རྩལ་འོད་དང་འགྲོགས།།སྔགས་འཆང་ཁྲོ་བོ་རྒྱལ་མཚན་སོགས།།དམ་པ་ཉི་ཟླའི་ཕྲེང་བ་ཡི།།བྱིན་རླབས་འོད་ཟེར་མ་ཉམས་པར།།གཤེན་བསྟན་རྒྱས་པའི་ཚལ་དུ་བཞད།།གྲུབ་ཆེན་ཙན་དན་ལྗོན་པ་ལ།།སྲུང་མའི་དྲི་ངད་ངང་གིས་འགྲོགས།།བསྟན་པའི་སྲོག་ཤིང་རྩ་བ་བརྟན།།འགྲོ་དྲུག་བདེ་བའི་གཡང་འཁྱིལ་ཤོག།

དེ་ནས་ལོ་ངོ་སུམ་བརྒྱ་ཙམ་ན་གྲུབ་ཆེན་དམ་པ་ཡེ་ཤེས་ཁྲོ་རྒྱལ་སྐུ་འཁྲུངས་ནས་ངོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་སྤྲུལ་དུ་ངོས་བཟུང་ཞིང་།སྒྲུབ་སྡེ་འདིར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་པ་སོགས་གནམ་གྱིས་ས་བཀབ་པ་ལྟ་བུའི་མཁས་གྲུབ་གཉིས་ལྡན་གྱི་དམ་པ་གསེར་རིའི་ཕྲེང་བ་རིམ་པར་བྱུང་ཞིང་།ཡང་དུས་རབས་བཅོ་ལྔ་ཙམ་ན་རྒྱལ་བོ་རླངས་ཚང་གི་བླ་དཔོན་བློན་ཆེན་གསུམ་གྱི་ནང་ཚན་མི་དཔོན་ཆེ་མཆོག་རྒྱལ་ལགས་ཀྱིས་སྒྲུབ་སྡེའམ་གསས་ཁང་བསྐྱར་བཞེངས་ཀྱི་དབུ་ཁྲིད་དེ་ཕྱི་ནང་གི་བཀོད་པ་རྫོགས་པའི་རྒྱལ་བསྟན་ཡེ་ཤེས་རྒྱ་མཚོའི་གླིང་དེ་བསྐྱར་བཞེངས་མཛད།སྒྲུབ་སྡེ་འདི་ནི་འདུལ་བརྒྱུད་འཛིན་པ་མ་ཡིན་པས་སྲུང་སྐྱོབ་བྱེད་པ་དང་།ཡང་ན་བོན་མང་སྤྱི་དང་སྟོད་ཕྱོགས་བོན་མང་།རང་སྡེའི་བོན་གཤེན་རྣམས་ཀྱི་སྒྲུབ་པ་ཆེ་ཆུང་གང་ལའང་ཧ་ཅང་སྟབས་བདེ་བར་དམིགས་ཏེ་སྡེ་བ་དང་ཐག་ཉེ་ས་སྟེ་དུང་ཆུའི་ནང་ཞེས་པ་དང་ཆུ་མགོ་པད་མ་རང་འཁྱིལ་ཞེས་པའི་ས་མིང་ཤིན་ཏུ་མཛེས་པ་དེ་གཉིས་ནས་ཟུར་གྱིས་བཅད་པའི་རྩེ་མོར་སྡེ་བའི་འདབས་སྐྱོར་གྱི་ཚུལ་དུ་བཞེངས་བསྐྲུན་བྱས། དུས་དེ་ནས་བཟུང་སྟེ་རིམ་པ་བཞིན་དུ་གྲུབ་ཆེན་གོང་མ་རྣམས་ཀྱི་བརྒྱུད་འཛིན་ངོ་མོའི་ཨ་མྱེས་ལྕགས་པོ་རྒྱལ་ལམ་མཚན་གཞན་ལ་དབང་ཆེན་བདུད་འདུལ་འདུས་པ་རྩལ་དུ་འབོད་པའི་རྟོགས་ལྡན་རྣལ་འབྱོར་བ་གཅོད་ཀྱི་བྱིངས་འདྲེན་པ་དེ་བྱུང་ཞིང་། ཁོང་གིས་སྒྲ་བླའི་རྒྱལ་མོ་སྟག་རི་རོང་གིས་བསྟན་དགྲ་དངོས་སུ་བསྒྲལ་བའི་ཚུལ་ཉམས་སྣང་དུ་བྱུང་བ་ཇི་བཞིན་བོན་མང་གི་འདུས་སྡེ་སོ་སོ་ན་དེང་སང་འཁྲབ་བཞིན་པའི་གར་འཆམ་འདིའི་སྲོལ་བཏོད།mmexport1447383044751

གང་གི་ཡང་སྲིད་ཨ་མྱེས་འབྲུག་འབུམ་དང་།འགྱིང་རིའི་ཨ་མྱེས་ཐུགས་རྗེ་དང་དུས་མཉམ་པའི་སྔགས་འཆང་གཅོད་དབང་མཐུ་ལྡན།སྔགས་འཆང་ཡི་དམ་རྒྱ་མཚོ།བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱི་དངོས་སློབ་ཨ་མྱེས་ལྷ་ཐོ།་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་བྱིངས་ཆེན་མོ་ཨ་མྱེས་ཡི་དམ་སྐྱབས་སོགས་སྔགས་འཆང་མང་དུ་བྱོན་པ་དང་། དེར་མཐུད་ནས།ངོ་མོའི་མ་མགོའི་ཨ་མྱེས་གཅོད་པ་ཐར་དང་། ཡ་མགོའི་ཨ་མྱེས་མཁར་བྱམས་རྒྱལ་ཞེས་ངོ་མོའི་སྒྲུབ་དཔོན་རྣམ་གཉིས་སུ་གྲགས་པ་དུས་མཉམ་དུ་བྱོན་ཞིང་།དུས་འགྱུར་གྱིས་རང་དབང་བྲལ་ཞིང་རྒྱལ་བའི་བསྟན་པ་ཉག་ཕྲ་བར་གྱུར་ནའང་།སྒྲུབ་གཤེན་འདི་རྣམ་པ་གཉིས་ཀས་སེམས་ཀྱི་དམ་བཅའ་བརྟན་པོ་དེ་ནམ་ཡང་མ་དོར་བར་དམ་པ་གོང་མའི་ཕྱག་སྲོལ་བརྒྱུད་འཛིན་གནང་བ་སོགས་བོན་བསྟན་སྤྱི་དང་སྒོས་སུ་བོན་མང་གཞུང་ལ་བཀའ་དྲིན་ཤིན་ཏུ་ཆེ།

   ཡང་སྒོས་ཆར་ཆུ་དུས་སུ་འབེབས་པ་ལ་དབང་འབྱོར་བའི་ཨ་མྱེས་གཡུང་དྲུང་ཚེ་རིང་དང་།འགྲོ་བའི་སྡུག་བསྔལ་སྔགས་ཀྱིས་འཇོམས་པའི་སྔགས་འཆང་ཀླུ་འབུམ་ཚེ་རིང་།མདོ་སྔགས་རྫོགས་གསུམ་ས་ལེར་མཁྱེན་པའི་མཁས་གྲུབ་ཚེ་བརྟན་རྡོ་རྗེ།དེ་ལས་གཞན།ད་ལྟའི་དུས་འདིར་ཡང་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་དབུ་རུ་བསྔགས་པའི་སྔགས་འཆང་རྒན་པ་ཞི་ཁྲོའི་བླ་མ་འབུམ་པ་རྒྱལ་ལགས་ཀྱིས་བསོད་ནམས་བཀྲ་ཤིས་སམ་མིང་གཞན་ལ་མཁས་གྲུབ་རྒྱ་མཚོ་རུ་འབོད་པ་དེ་དང་།ཤ་བོ་ཀླུ་རྒྱལ།འབྲུག་བྱམས་མཁར།ནམ་མཁའ་རིན་ཆེན།གཡུང་དྲུང་རྒྱལ་མཚན།ནམ་མཁའ་ཚེ་རིང་།ནམ་མཁའ་འབུམ་པ།ནམ་མཁའ་སྤྱི་འདུ།ལྷུན་གྲུབ།ཁྱི་མོ་ཐར་རམ་མིང་གཞན་གཡུང་དྲུང་རྒྱ་མཚོ་རུ་འབོད་པ་སོགས་སློབ་མ་བཅུ་གསུམ་ཙམ་ལ།འདོན་དབྱངས་ལྟ་དང་རྔ་སྦུབ་རྡུང་དཀྲོལ།གཏོར་མ་བཅའ་བཟོ་བཅས་ཀྱི་ཆོ་ག་ཕྱག་ལེན་གྱི་དངོས་གྲུབ་བདུད་རྩི་བུམ་པ་གང་བྱོའི་ཚུལ་དུ་གནང་བས་མཛད་རྗེས་ཤིན་ཏུ་ཆེ་བ་དང་།དེ་ལ་ཡང་བླ་མ་མཆོག་གིས་ཀྱང་བསྟན་པ་འཕེལ་རྒྱས་ཀྱི་རྟེན་འབྲེལ་དང་བསྟན་འཛིན་གྱི་འཕེལ་རིམ་ལ་དམིགས་ནས།ཁོ་ཚོ་སློབ་མ་རེ་རེ་ལ་དབང་ལུང་མན་ངག་གནང་བའི་སྐབས་དང་བསྟུན་ནས་མཚན་གྱི་མེ་ཏོག་གསར་བའི་མཛེས་སྡུག་སྤྲོས་པའི་བཀའ་དྲིན་གྱིས་བསྟན་འཛིན་གྱི་མྱུ་གུ་ཚར་དུ་དངར་བ་ལ།ཐུགས་སྨོན་གྱི་དཔག་བསམ་ལྗོན་པ་གདུལ་བྱའི་ས་འཛིན་གྱི་རྩེ་མོར་རྒྱས་པས།ལེགས་ཚོགས་འབྲས་བཟང་དུད་པའི་བསོད་ནམས་དང་དམ་པ་གོང་མ་དག་གི་བྱིན་རླབས་དྲོད་གཤེར་གྱི་དཔུང་ཚོགས་རབ་ཏུ་རྒྱས་པ་དང་།དེར་མ་ཟད་བསྟན་སྲིད་ལ་བྱས་རྗེས་ཆེ་བའི་སྐྱེས་མཆོག་ནམ་མཁའ་ཚེ་རིང་དང་།རབ་བརྟན་འབུམ།སྟོབས་ཅན་རྒྱ་མཚོ།ཨ་མྱེས་འབུམ་པ་ཐར།ཨ་མྱེས་འབྲུག་ལྷ་རྒྱལ་སོགས་ཀྱིས་རང་རང་གི་སྐབས་བསྟུན་གྱི་མི་རབས་རེ་རེར་གཞན་ཕན་དྲི་མེད་སེམས་ཀྱི་མཆོད་པ་དང་བཅས་ཏེ།གསས་ཁང་བསྐྱར་བཞེངས་དང་ཞིག་གསོ་ཡང་ཡང་བྱས་པའི་བཀའ་དྲིན་ལས།དེང་སང་གི་གྲ་མ་ཉམས་པའི་གསས་ཁང་འདི་བཞིན་ཡོད། mmexport1447383048729ཡིན་ནའང་མ་བགྲོས་ངང་གིས་མཐུན་པའི་རྒན་དར་གཞོན་གསུམ་གྱི་དད་པའི་སྟོབས་ཀྱིས་དེང་གི་དུས་རབས་དང་།སྤྱི་ཚོགས་ཀྱི་ཁ་ཕྱོགས་ལྟར་གསས་ཁང་གསར་བཞེངས་བྱེད་རྒྱུའི་རེ་བ་དང་འགྲན་ཟླ་མེད་པའི་སྙིང་སྟོབས་བསྐྱེད་དེ།ཕྱི་ནང་གི་བཀོད་པ་ལྷའི་དབང་བོ་བརྒྱ་བྱིན་གྱི་ཕོ་བྲང་དང་གཉིས་སུ་མེད་པའི་བསྔགས་བརྗོད་དང་ཡིད་སྨོན་བྱེད་ས་འདི་ལྟ་བུ་ཞིག་གསར་བཞེངས་བྱེད་རྒྱུའི་འདུན་པ་སྙིང་ལ་བཅངས་ནས།དུས་ཡུན་རིང་བོ་སོང་བ་དེ་མྱུར་དུ་དོན་ཐོག་ལ་འཁྱོལ་བར་བྱེད་འདོད་ཀྱི་དམ་བཅའི་རྒྱས་བཏབ་པ་དང་།ཁྱད་པར་དུ་ཉེ་བའི་དུས་ཀྱི་རེབ་གོང་བོན་མང་ཕུར་སྟོང་དང་དགུ་བརྒྱའི་དགེ་བསྐོས་ཆེན་མོ་འབུམ་པ་ཚེ་རིང་དང་སྔགས་འཆང་ཆེན་མོ་ཀླུ་འབུམ་ཚེ་རིང་།ཐབས་བཀོད་སྣ་ཚོགས་ལ་འགྲན་པའི་ཟླ་དང་བྲལ་ཞིང་དུས་ནམ་ཡིན་ཡང་ཁ་མིག་ཡར་བལྟ་དང་སྐུད་པ་ཡར་འཁེལ་གྱི་ལམ་སྣེ་སྟོན་མཁན་གྱི་སྡེ་དཔོན་ཆེན་མོ་འབྲུག་ལྷ་རྒྱལ་རྣམ་གསུམ་གྱིས་རང་གི་ངལ་བ་བརྒྱ་ཕྲག་ལ་ཅི་མི་སྙམ་པར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་རང་གི་སྲོག་ལས་ཀྱང་གཅེས་པར་བཟུང་སྟེ།རིག་གནས་གསར་བརྗེ་ཡི་སྔ་གཞུག་ཀུན་ཏུ་གསང་བའི་ཚུལ་གྱིས་རང་གི་བླ་མ་རིན་པོ་ཆེ་སྲུང་སྐྱོབ་དང་འཕྲིན་སྐྱེལ་གྱི་ལས་དོན་མཛད་ནས་རྣམ་དཀར་དགེ་བའི་ལས་ཀྱིས་ཚེ་མཐར་བསྐྱལ་བ་དང་།རང་གི་སྒྲུབ་བརྒྱུད་ཀྱི་བསྟན་པ་མ་ཉམས་པར་བཟུང་བ་བཅས་ཀྱི་ཡ་རབས་སྤྱོད་བཟང་གི་རྣམ་པར་ཐར་བའི་ས་བོན་མ་ལུས།མི་རབས་རྗེས་མའི་ཞིང་སར་འབྲས་བུའི་ཚུལ་དུ་སྨིན་པར་བྱས་པ་ལ་སོགས།གཞན་ཕན་གྱི་སྟོབས་བཅུ་རྫོགས་པའི་སྐྱེས་མཆོག་གོང་མ་རྣམས་ཀྱི་དཔེ་བཟང་རྡོ་བརྐོས་རི་མོ་དེ་ནམ་ཡང་མ་ཡལ་བར་གསལ་ལེར་གནས་པའི་རྟིང་དུ།མདོ་སྔགས་རྫོགས་གསུམ་ལ་དབང་འབྱོར་བའི་སྐྱེས་བུ་དམ་པ་དེ་དག་གིས་བསགས་པའི་བསོད་ནམས་རྒྱ་མཚོ་མདུན་དུ་མེར་བ་དང་།རང་ཅག་གི་བླ་མ་དམ་པས་བསྟན་པ་དང་འགྲོ་བའི་དོན་ལ་ཐུགས་ཁུར་ཟབ་བཞེས་གནང་བ་བཅས་ཀྱི་བཀའ་དྲིན་ལས།འདི་ལྟ་བུའི་གསས་ཁང་རྒྱལ་བསྟན་ཡེ་ཤེས་རྒྱ་མཚོའི་གླིང་གི་རྣམ་པ་གསར་བ་འདི་གཞི་ནས་ཡོངས་སུ་འགྲུབ།mmexport1447383051999

ངོ་མཚར་ལྟད་མོ་འབུམ་དུ་གྲོལ་བའི་རྒྱལ་བསྟན་ཡེ་ཤེས་རྒྱ་མཚོའི་གླིང་འདི་ལྟ་བུ་ཞིག་གསར་དུ་བཞེངས་པ་ལ་ཕན་ཡོན་ཅི་ཡོད་སྙམ་ན། བདེར་གཤེགས་་རྟེན་གསུམ་བརྩིགས་ཤིང་བཞེངས་པ་དང་།།དེ་ལ་ཕྱག་འཚལ་བསྐོར་བ་མཆོད་པ་ཡིས།།སྒྲིབ་བྱང་ཚོགས་རྫོགས་ཐར་བའི་འབྲས་བུ་ཐོབ།།རང་གིས་བརྩོན་ཞིང་གཞན་ལ་བསྐུལ་བ་ན།།བསོད་ནམས་དགེ་ཚོགས་བློ་ཡིས་མི་དཔོག་གོ།གང་ཞིག་གསས་ཁང་བཞེངས་པའི་གཞི་བཏིངས་ན།།འཁོར་ལོ་བསྒྱུར་བའི་རྒྱལ་བོའི་ལུས་ཐོབ་འགྱུར།།གསས་ཁང་བཞེངས་པའི་སྐོས་མཁན་བྱེད་པ་ནི།།མགོན་བཙུན་ཕྱྦ་ཡི་གནས་སུ་སྐྱེ་བར་འགྱུར།།གསས་ཁང་དག་ལ་ཀ་བ་འཛུགས་པ་ནི།།ཐར་བ་བརྒྱད་ཀྱི་ལམ་ལ་བགྲོད་པར་འགྱུར།།གསས་ཁང་དག་གི་རྨང་གཞི་བཏིངས་པ་ནི།།ཁམས་གསུམ་འཁོར་བའི་ས་དགུ་ནོན་པར་འགྱུར།།གསས་ཁང་དག་ལ་གདུང་མ་བསྣོལ་བ་ནི།།འཇིགས་པ་བརྒྱད་ཀྱི་གཡང་ལས་སྒྲོལ་བར་འགྱུར།།གསས་ཁང་དག་ལ་སྒོ་མོ་འཛུགས་པ་ནི།།སྐྱེ་བཞིའི་སྒོ་ཆོད་ཐར་ལམ་ཕྱེད་པར་འགྱུར།།གསས་ཁང་དག་ལ་ཐོག་ཕུབ་དབུབ་པ་ནི།།བོན་ཉིད་སྟོང་བའི་དོན་དང་ལྡན་པར་འགྱུར།།གསས་ཁང་དག་ལ་ཁྱུང་འདབ་འཇོག་པ་ནི།།བསྟན་པ་ཕྱོགས་བཅུ་ཡོངས་ལ་ཁྱབ་པར་འགྱུར།།གསས་ཁང་དག་ལ་ཁྱུང་གུར་འཕུབ་པ་ནི།།སྟོང་ཁམས་སྤྱི་རྒྱ་རླབས་ཀྱིས་གཅོད་པར་འགྱུར།།གསས་ཁང་དག་ལ་ཏོག་ཆེན་འཛུགས་པ་ནི།།དུས་གསུམ་མི་ནུབ་རྒྱལ་མཚན་འཛུགས་པར་འགྱུར།།གསས་ཁང་ནང་དུ་སྐུ་གཟུགས་བཞེངས་པ་ནི།།བསྐལ་བར་བསགས་པའི་སྒྲིབ་པ་བྱང་བར་འགྱུར།།ཞེས་རྒྱལ་བ་གཤེན་མཆོག་གིས་འདི་ལྟར་གསུངས་ཡོད་ལ། དེ་བཞིན་དུ་ང་ཚོའི་སྡེ་མི་རྒན་གཞོན་ཀུན་གྱིས་ཀྱང་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པ་དང་དམ་པ་གོང་མའི་སྒྲུབ་བརྒྱུད་ཀྱི་ཤུགས་མ་ལྷོད་པར་ཉལ་འགྲོའི་རྒྱུན་ལ་འགྲན་འདོད་ཀྱི་དམ་བཅའ་བརྟན་པོ་ཞིག་གིས་མདུན་བསུས་ཏེ།ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཉིས་པའི་ཚེས་གསུམ་ལ་སྡེ་མི་ཡོངས་ཕྱོགས་གཅིག་ཏུ་འཚོགས་ནས་དཀོན་མཆོག་བཀྲ་ཤིས་དང་ཀླུ་ཐར་རྒྱལ།ཤ་བོ་ཐར།བྱམས་ཀོ།རིན་ཆེན།འཇམ་དབྱངས་དོན་འགྲུབ།སངས་རྒྱས་སོགས་མི་བདུནmmexport1447383055228་ཁ་འགོ་བར་བདམས་པ་དང་། དེ་ལ་ལོ་རེ་རེའི་སྡེ་དཔོན་འབུམ་པ་རྒྱལ་དང་ཁྱི་གུ་ཐར། བླ་མ་སྐྱབསmmexport1447383061179

སོགས་ཀྱིས་ཀྱང་རང་གི་སྐབས་བབས་ཀྱི་ལོ་རེའི་འགན་འཁྲི་དང་ལེན་བྱས་ཏེ་ཁ་འགོ་བར་རམ་འདེགས་གང་ལེགས་མཛད་པ་དང་སྡེ་བའི་བྱ་བ་ཆེ་ཆུང་ཐམས་ཅད་ལ་རང་ནུས་ཅི་ལྕོགས་ཀྱིས་འབད་པ་བྱས་པ་སོགས་རླབས་ཆེན་བྱ་བཞག་གི་རིན་ཆེན་ནོར་བུ་དེ་མི་མང་དམངས་ཚོགས་ཀྱི་སེམས་ཀྱི་མཚོ་མོར་ཝལ་གྱིས་བསྟིམས་ཡོད། ཁྱད་པར་དུ་གྱུར་བ་དཀོན་མཆོག་བཀྲ་ཤིས་དང་ཤ་བོ་ཐར་། རིན་ཆེན་གསུམ་གྱི་ཞིབ་ཚགས་ལྡན་པའི་བློ་གྲོས་དང་ཐབས་ཤེས་ལ་བརྟེན། ཁ་མགོ་བ་གཞན་དག་དང་རྒན་ཚོགས་ཀྱི་རོགས་རམ་གང་ལེགས་བྱས་པ་ལ་བརྟེན་ནས་རྐྱེན་ངན་བར་ཆད་ཐམས་ཅད་མིང་གི་ལྷག་མར་ཞི་ཞིང་འདོད་པའི་རྩེ་བཀང་བའི་ཕྱྭ་གཡང་དངོས་གྲུབ་མ་ལུས་པ་བཅུད་དུ་ཕྱུང་ནས་ཕུན་ཚོགས་ལང་ཚོ་རྒྱས་པའི་བཀྲ་ཤིས་སྟོབས་ཀྱིས་བརྒྱགས་ཡོད།

    དེ་ཡང་དང་ཐོག་སྟེ་ཉིས་སྟོང་བཅུ་གསུམ་ལོའི་ཟླ་དང་པོའི་ཚེས་དགུ་ལ་གཞན་གྱི་བཙན་ཐབས་དང་གཡོ་ཇུས་ཀྱི་སྤྱོད་ངན། འགྲན་རྩོད་ལ་སོགས་པའི་ཐབས་རྡུགས་གང་གིས་ཀྱང་མ་རེག་པར་རང་རང་གི་དད་མོས་སྟོབས་ཀྱིས་མེ་ཏོག་གི་མཆོད་འབུལ་ཙམ་མ་ཡིན་པར་གཏོང་ཕོད་ཀྱི་སྒོ་མོ་ཡངས་པར་ཕྱེས་ནས་ཞལ་འདེབས་ཕུལ་བར་དམངས་སྒོར་ཁྲི་ཉིས་བརྒྱ་ཉི་ཤུ་ལྷག་འདུས་པས་འདོད་ཐོག་ལ་རྟ་རྒྱུགས་པའི་ཁ་དཔེ་དེ་དངོས་སུ་དོན་ཐོག་ལ་འབྱོར་བ་བྱུང་།

     དེ་ནས་སྤྱི་ལོ་ཉིས་སྟོང་བཅུ་གསུམ་ལོའི་ཟླ་གཉིས་པའི་ཚེས་གཅིག་ནས་གསུམ་བར་ལ་བཞི་རྫོགས་ཀྱི་བཀའ་དྲིན་ཅན་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་གིས་ཀྱང་།འགྲོ་ཀུན་གཏན་བདེའི་ལམ་ལ་འགོད་པའི་ཐུགས་བསྐྱེད་བཟང་བོའི་གཞི་བཟུང་ནས།ངོ་མོ་ཡེ་ཤེས་མཚོ་རྒྱལ་དང་།སློབ་དཔོན་དྲན་པ་ནམ་མཁའི་སྤྱན་སྔར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་སྲུང་བར་ཁས་བླངས་པའི་མདུན་རི་སྤོས་སྡེ་སྤུན་གསུམ་གྱི་འདབས་ན།གསང་ཡུམ་ཀླུ་མོ་འོད་འབར་གོས་སྔོན་ཅན་གྱིས་གཏེར་བུམ་ནོར་བུ་མཆོད་པ་འབུལ་བའི་ཚུལ་དུ་ཡོད་པའི་ཆུ་མཛོད་ནང་ཞེས་པའི་གནས་མཆོག་དེར།ས་འདུལ་བརྒྱབ་པ་དང་ཞི་བའི་སྦྱིན་སྲེག་བླུགས་ནས་བཀྲ་ཤིས་གཡང་དུ་འཁྱིལ་བའི་དེང་གི་ཁོར་ཡུག་འདི་རང་སྡེའི་རིག་འཛིན་འདུས་པའི་དབུ་ཁྱུད་དུ་བཀོད་དེ་རྒྱལ་བསྟན་ཡེ་ཤེས་རྒྱ་མཚོའི་གླིང་གི་གདན་སར་གཏན་འཁེལ་གནང་།mmexport1447383058303 སྐུ་ལུས་རིན་ཆེན་གླིང་བཞིའི་མགྲོན་དུ་བཀུར།།གསུང་དབྱངས་གཡུ་འབྲུག་སྟོང་གསུམ་མཁའ་ན་ལྡིར་།།ཐུགས་བཀོད་ཆུ་གཏེར་ལུགས་གཉིས་རླབས་ཕྲེང་རྩེན།།འགྲོ་མགོན་མངའ་བདག་སྐྱབས་གཅིག་བོན་བརྒྱ་རྗེ།།རླབས་ཆེན་འཕྲིན་ལས་ཐབས་ཤེས་ཤིང་རྟ་ཡིས།།དྲངས་པའི་དགེ་ལེགས་དངོས་གྲུབ་ཀུན་འབྱུང་ནོར།།ཡེ་ཤེས་མེ་དཔུང་ལྷུན་གྲུབ་འོད་དང་བཅས།།གདུལ་བྱ་རྒྱ་མཚོའི་མགོན་ལ་བརྟན་བཞུགས་མཛོད།།

དེ་ནས་ཉིས་སྟོང་བཅུ་བཞི་ལོའི་ཟླ་གསུམ་པའི་ཚེས་བརྒྱད་ནས་བཅུ་ཐམ་པའི་བར་ལ།བླ་མ་དམ་པའི་བཀའ་གསུངས་གསེར་གྱི་ཅོད་པན་སྤྱི་བོའི་རྒྱན་དུ་བཞེས་པའི་ནམ་མཁའ་རྒྱལ་མཚན་སོགས་དགེ་སློང་བཞི་སྡེ་ཞིག་གིས་ཉིན་གསུམ་གྱི་རིང་རྒྱལ་ཡུམ་བྱམས་མ་དང་རྣམ་པར་རྒྱལ་བ་སོགས་ཀྱི་གཏེར་སྒྲུབ་བྱས་ཏེ་གསས་ཁང་གསར་བཞེངས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཐམས་ཅད་ཡོངས་སུ་འཛོམས།

ཉིས་སྟོང་བཅུ་གསུམ་ལོའི་ཟླ་དགུ་བར་སྡེ་བའི་ངལ་རྩོལ་པ་རྣམས་སྐོར་བགོས་བྱས་ཏེ་གྱང་རྟིང་གི་རྡོ་བརྩིགས་པ་དང་།ཉིས་སྟོང་བཅུ་བཞི་ལོའི་ཟླ་གཉིས་པའི་ཚེས་ཉེར་ལྔ་ལ་སྐོར་ཁག་དེ་བཞིན་དུ་གྱང་བརྡུང་ནས་ཉིན་བཞི་དང་ཕྱེད་ཀའི་རིང་ལ་ཡོངས་འགྲུབ་བྱས།

mmexport1447383076249
ཉིས་སྟོང་བཅུ་བཞི་ལོའི་ཟླ་བདུན་པའི་ཚེས་བདུན་ནས་ཚེས་ཉེར་བཞི་བར། mmexport1447383085054

    གསས་ཁང་གི་ཁེར་ཐོག་བཀབ་པ་དང་ཟླ་བརྒྱད་པའི་ཚེས་བཅུ་དགུའི་ཉིན་ཀ་རིང་བསླངས་པ་དང་གདུང་མ་བསྣོལ་བ་སོགས་ཀྱི་རྟེན་འབྲེལ་དུ།རླུང་རྟ་གནམ་ལ་འཕུར་བ་དང་མཁའ་ནས་སྤྲིན་དཀར་གྱི་ལྷ་དར་རིང་མོ་གསས་ཁང་གི་ཞེང་དང་མཉམ་པ་ཞིག་བོན་སྐྱོང་སྲུང་མའི་ཚོགས་ཀྱིས་མགོན་གནང་བའི་རྟགས་མཚན་ནམ་ལེགས་སྐྱེས་ཀྱི་ཚུལ་དུ་འཐེན་པ་སོགས་ཀུན་གྱི་མིག་ལ་མངོན་སུམ་དུ་ཤར་བ་དང་།བཀྲ་ཤིས་དགེ་མཚན་རྒྱས་པའི་སྔ་ལྟས་མང་དུ་བྱུང་བས་དགའ་བའི་དགོད་སྒྲ་དང་སྐྱིད་པའི་གླུ་ཆུང་གི་མཚམས་མ་ཆད་པར་འཛུམ་མདངས་པད་མ་དཀར་བོའི་མཛེས་སྡུག་དང་བཅས་ཏེ་བཟང་བོའི་ལས་ཀྱི་སྦྲང་རྩི་ལ་རོལ་བཞིན་དུ་ལས་ཐམས་ཅད་བདེ་བླགས་ངང་འགྲུབ་ནས་ཉིས་སྟོང་བཅོ་ལྔ་ལོའི་ཟླ་དྲུག་པའི་ཚེས་བཅོ་ལྔ་ལ་གསེར་ཏོག་དང་རི་དྭགས་ཕོ་མོ་ཡང་སྟེང་གི་རྒྱན་དུ་བཀོད་དེ་གཞི་ནས་ཡོངས་འགྲུབ་བྱུང་།   mmexport1447383088523mmexport1447383082086 བལྟས་ན་ཉམས་དགའ་ཞིང་སེམས་དྲོ་བའི་ད་ལྟའི་གསས་ཁང་འདི་ལ་ཁྱད་བོན་ནམ་མཚན་ཉིད་ཇི་ལྟ་བུ་ཞིག་ལྡན་ཞེ་ན།རྒྱལ་བོ་བཞིན་དུ་འགྲོ་བ་མ་ལུས་སྐྱོབ།།བཙུན་མོ་བཞིན་དུ་དད་ལྡན་དང་བ་འདྲེན།།དམག་དཔོན་བཞིན་དུ་ཉོན་མོངས་བདུད་དཔུང་འཇོམས།།ནོར་བུ་བཞིན་དུ་སྨོན་ལམ་གང་བཏབ་འགྲུབ།།འཁོར་ལོ་བཞིན་དུ་རང་སྣང་གར་བསྒྱུར་བཏུབ།།རྟ་མཆོག་བཞིན་དུ་ས་ལམ་བགྲོད་པའི་གཙོ།།གླང་ཆེན་བཞིན་དུ་ཚོགས་གཉིས་སྟོབས་ཆེ་བརྟན།།རྒྱལ་མཚན་ལྟ་བུ་གཞལ་ཡས་མངོན་པར་མཐོ།།གདུགས་ཆེན་ལྟ་བུ་ཡོངས་ལ་མཉམ་པོར་འཁོར།།པདྨ་ལྟ་བུ་སྐྱོན་བྲལ་ལྟ་ན་སྡུག།གསེར་ཉ་ལྟ་བུ་བཀྲ་གསལ་འོད་ཀྱང་འཁྱུག།དཔལ་བེའུ་ལྟ་བུ་ཁོང་འཕྲུལ་རྟོགས་པ་དཀའ།།བུམ་པ་ལྟ་བུ་ཕྱི་སྒེག་ནང་བཅུད་ལྡན།།དུང་དཀར་ལྟ་བུ་གྲགས་པ་ཕྱོགས་མཚམས་ལྡིར།།འཁོར་ལོ་ལྟ་བུ་འགྲོ་དོན་རྒྱུན་མི་ཆད།།ཞེས་པ་ལ་སོགས་ཕལ་བ་བདག་འདྲའི་བརྗོད་པར་དཀའ་བའི་དགེ་མཚན་དྲི་བཟང་འཐུལ་བའི་གསེར་གྱི་མེ་ཏོག་གྲངས་མེད་པ་ཞིག་ཡོད་ཀྱང་།རང་གིས་ཤེས་པའི་ཚད་དང་བསྟུན་ནས་ཉུང་ངུར་བསྡུས་ཏེ་གསས་ཁང་གསར་བཞེངས་ཀྱི་ལོ་ཚིགས་གཙོ་བོར་བཀོད་པ་ལས་འཕྲོས་པའི་དོན་ཞོར་དུ་བྱུང་བ་འདི་ཙམ་གྱིས་ཀྱང་ངོ་མོ་རྒྱལ་བསྟན་ཡེ་ཤེས་རྒྱ་མཚོའི་གླིང་གི་སྙན་གྲགས་སྟོང་གསུམ་ཀུན་ཏུ་རྒྱས་པ་དང་།རིག་འཛིན་རྒྱུ་སྐར་གྲངས་སུ་འཕེལ་བའི་དབུས་ན།བྱིན་རླབས་འོད་དཀར་མདངས་སུ་འཁྱིལ་བའི་བསྟན་པའི་མངའ་བདག་ཟླ་བའི་དཀྱིལ་འཁོར་ལ་ནམ་ཡང་འཕྲིན་ལས་བསིལ་ཟེར་ཕྱོགས་བཅུར་རྒྱས་པའི་དཔལ་གྱིས་མཛེས་པའི་རྒྱུ་རུ་གྱུར་ཅིག།

སྨྲས་པ།བཀའ་གསུང་གསེར་གྱི་རི་བོ་འདེགས་པའི་སྟོབས།།ཀུན་ནས་དག་ཀྱང་མོས་འདུན་རླུང་བུ་ཡིས།།རེ་བའི་ཡལ་ག་ཅུང་ཙམ་སྒུལ་བ་འདི།།འདོད་པའི་བསིལ་གྲིབ་འབྱོར་བའི་རྐྱེན་འགྱུར་ཤོག།རྣལ་འབྱོར་ཆེན་མོའི་ཐུགས་སྨོན་དབྱིག་འཛིན་ལས།།འཁྲུངས་པའི་རིག་འཛིན་རི་རབ་ལྷུན་པོའི་ཕྲེང་།།བསྟན་པའི་རྒྱན་དུ་འགྱིང་བའི་བསོད་ནམས་སུ།།སྨིན་པའི་དངོས་གྲུབ་འདི་ལ་བློས་མི་དཔོག།ཡིན་ཡང་མ་རྟོགས་བྱིས་བློའི་གོམ་འགྲོས་ལ།།དོན་གྱི་གནས་ལུགས་སྟོན་པའི་རྩལ་མེད་ཀྱང་།།བཞེངས་བསྐྲུན་ལོ་ཚིགས་འདེགས་འཇོག་རེ་རེ་ཡིས།།ཀུན་མཐོང་ཞབས་རྗེས་གསལ་བའི་རྟེན་དུ་བྱས།།ལེགས་པའི་ཡོན་ཏན་ཡོངས་སུ་བྲལ་ན་ཡང་།།ཉེས་པའི་དུག་དང་སྦྱར་བའི་སྐྱོན་མེད་པས།།དགེ་བའི་ས་བོན་འདི་ཙམ་བསྐྲུན་པས་ཀྱང་།།རྣམ་མཁྱེན་མྱུ་གུ་རྒྱས་པའི་རྒྱུར་གྱུར་ཤོག། །།

     ཅེས་པ་འདི་ནི་2015ལོའི་9ཟླཔའི་ཚེས15ནས18བར་ཉིན་གསུམ་ཙམ་གྱི་དུས་ཚོད་བེད་སྤྱད་ནས་རང་སྡེའི་སྡེ་མི་ཡོངས་ཀྱི་རེ་བ་ལྟར་གཡུང་དྲུང་དབང་རྒྱལ་ལམ་མིང་གཞན་དྲུང་མུ་གྱེར་དུ་འབོད་པ་བདག་གིས་མི་ཤེས་ཤེས་ཁུལ་བྱས་ཏེ་གསས་ཁང་གསར་བཞེངས་ཀྱི་ལོ་ཚིགས་གསལ་བའི་ཕྱིར་དུ་བྲིས་པ་ལས་རང་ཆེ་འདོད་དང་གྲགས་འདོད་ཀྱི་བསམ་པ་ཙམ་གཙོ་བོར་འཛིན་པ་ནི་གཏན་ནས་མ་ཡིན་པ་མ་ཟད།འུད་བསྟོད་དང་རྫུན་གཏམ་སོགས་གཡོ་བཅོས་གང་གིས་ཀྱང་མ་བསླད་པར་དངོས་ཐོག་བདེན་འཚོལ་གྱིས་འབྲི་ཁུལ་བྱས་པ་འདི་ལ།ཚིག་གི་སྦྱོར་སྟངས་དང་གོ་རིམ་འཆོལ་བ།ལྷག་པར་དུ་མ་རྟོགས་ལོག་རྟོགས་སྐྱོན་གྱི་ཕུང་བོར་བརྩེགས་པ་སོགས་ལས་དགོད་བྲོ་བ་དང་སྐྱུག་མེར་བའི་གནས་མང་དུ་ཡོད་སྲིད་པས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ཆེད་དུ་དགོངས་དག་ཞུས་པ་ཡིན་ལགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།