《མུ་ཁྲི་བཙན་པོ》སྤྱིའི་འདོན་ཐེངས་བཞི་བ།

གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་《མུ་ཁྲི་བཙན་པོ》འི་གླེང་གཞི་དུས་ཀྱི་རླབས་ཕྲེང་། བན་ཤུལ་དཔལ་མཁར་རྒྱལ།

    ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་པ་འདིའི་ནང་ལ་འཛམ་གླིང་ཧྲིལ་བོའི་ཚན་རིག་དང་ཤེས་རིག་གི་འཕེལ་ཚད་ཧ་ཅང་མྱུར་བ་དང་ཆབས་ཅིག་རྒྱལ་ཁབ་ཕན་ཚུན་གྱི་དཔལ་འབྱོར་འགྲོ་འོངས་སོགས་ཀྱི་ཤུགས་རྐྱེན་ལས་རིག་གནས་ཀྱི་བཙན་འཛུལ་རབ་དང་རིམ་པ་མང་བོ་ཐོན་ནས་རིག་གནས་ཁ་ཤས་ཞིག་གཞི་མེད་དུ་གྱུར་བའི་ཉེན་ཚབས་ཧ་ཅང་ཆེན་པོ་འབྱུང་གི་རེད། དེར་བརྟེན་རིག་གནས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་པའི་ཆེད་དུ་འབད་རྒྱུ་ནི་མིར་སྐྱེས་པའི་དོན་སྒོ་ཞིག་རེད་ལ་མི་དང་སྲོག་ཆགས་ཀྱི་རྩ་བའི་ཁྱད་པར་ཞིག་ཀྱང་རེད། རྒྱུ་མཚན་འདིའི་དབང་གིས་ང་ཚོས་ཡིད་དཔྱོད་ཙམ་མ་ཡིན་པར་ལུང་རིགས་དཔེ་གསུམ་གྱི་དཔྱད་པར་བརྟེན་པའི་རིག་གནས་ཀྱི་བྱ་འགུལ་དང་ཆོས་རིག་གི་བགྲོ་གླེང་སོགས་ཐབས་སྣ་ཚོགས་བརྒྱུད་ནས་རིག་གནས་དར་རྒྱས་ཀྱི་ཕྱོགས་སུ་དམིགས་པ་གཏོད་རྒྱུ་ནི་ང་ཚོར་དུས་རབས་ཀྱིས་སྤྲད་པའི་འོས་འགན་ལྕི་མོ་ཞིག་རེད། སྔོན་གྱི་གནའ་སྲོལ་མང་བོ་ཞིག་མཁྲེག་འཛིན་གྱིས་རང་ལུགས་ཚད་མ་ཡིན་པར་ཡིད་ཆེས་ཀྱི་མིག་བཙུམས་ནས་སྡོད་པའི་དུས་རབས་དེ་གཞི་ནས་མཇུག་རྫོགས་ཟིན་ལ་གསར་དུ་དབུ་ཁྱུད་ཀྱིས་ཁྲིད་པའི་དེ་རིང་གི་དུས་ཚོད་འདིར་ང་ཚོས་ཡངས་པའི་རྒྱལ་ཁམས་ཀྱི་ཁྱོན་འདིར་ཞིབ་གཟིགས་གནང་ཚེ་ཁ་སང་གི་ཡོད་ཚད་རྨི་ལམ་གྱི་འགྲོས་བཞིན་འབྱུང་བཞིའི་དབྱིངས་སུ་ཐིམས་ཤིང་ད་ལྟ་ནས་ལས་འགོ་ཚུགས་པའི་བྱ་གཞག་མང་བོ་ཞིག་ལས་འཕྲོར་ཟད་པ་ངེས་པར་དུ་ཤེས་འོས་ལ་ཁྱད་པར་དུ་བོད་བཙན་པོའི་དུས་བཟུང་གསང་རྒྱ་དང་ཆག་འཇིག་སྣ་ཚོགས་བརྒྱུད་ནས་སླེབས་མྱོང་ཡོད་པའི་བོན་པོའི་རིག་གནས་ལ་ཆ་མཚོན་ནའང་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་འདིར་གཞིས་བྱེས་ཞིབ་འཇུག་པ་སུ་དང་གང་ཞིག་གིས་ཀྱང་སོ་སོའི་ཆོས་བརྒྱུད་དང་གྲུབ་མཐའི་ལ་རྒྱ་ཙམ་ལ་མ་ལྟོས་པར་རྒྱུས་ལོན་དང་ཞིབ་འཇུག་གནང་འོས་ལ་དེ་ཉིད་བཀག་རྒྱ་ཞིག་ལ་བརྩིས་ནས་བསྡད་ན་ང་ཚོའི་རིག་གནས་ཀྱི་ཁྱོན་ཡངས་པའི་འཕེལ་རྒྱས་དང་མིའི་རིགས་ཀྱི་འདས་མ་འོངས་ད་ལྟའི་རིག་གནས་ཀྱི་བང་མཛོད་ཁྲོད་ནས་ང་ཚོའི་མེས་པོའི་ཤུལ་བཞག་གི་ནོར་བུ་རྣམས་ས་རྡུལ་གྱིས་ཟོས་ནས་རྨེག་མེད་དུ་འགྲོ་བར་ཉེན་ཁ་ཤིན་ཏུ་ཆེ་བ་ནི་སྨྲ་ག་ལ་དགོས།    བོན་པོའི་རིག་གནས་ལ་ཆ་མཚོན་ནས་ཞུས་ནའང་གནའ་བོའི་དུས་ནས་བཟུང་དུས་རབས་མི་འདྲ་བ་སྣ་ཚོགས་རིམ་པར་བརྒྱུད་ནས་ད་ལྟའི་བར་དུ་གནས་ཐུབ་པ་བྱུང་བ་ནི་ངོ་མ་ཧངས་སངས་དགོས་པའི་གནས་ཚུལ་ཤིག་རེད། ད་ལྟ་འཛམ་གླིང་གི་རིག་གནས་དར་བའི་ལོ་རྒྱུས་མི་འདྲ་བ་སྣ་ཚོགས་ལ་ཞིབ་པར་བལྟ་དུས་དུས་རབས་ཀྱི་འགྲོས་དང་བསྟུན་ནས་རྩ་མེད་དུ་སོང་བའི་རིག་གནས་རབ་དང་རིམ་པ་མང་བོ་ཞིག་ཡོད། བོན་པོའི་རིག་གནས་འདི་ཉིད་ཀྱང་རྒྱ་གར་ནས་པཎ་ཊི་ཏ་ལྔ་བརྒྱ་གདན་དྲངས་ནས་ཆེད་དུ་བསྣུབས་པའི་གནས་ཚུལ་སོགས་ལོ་རྒྱུས་ཡིག་ཚངས་ལས་གོ་ཐུབ་ལ་དེ་ལྟར་དཀའ་ཚེགས་དང་ཉེན་ཁ་གང་མང་བརྒྱུད་ནས་དར་ཐུབ་པའི་སྐོར་ལ་ང་ཚོས་ཕྱོགས་ཞེན་གྱི་མིག་རིས་བོར་ཏེ་གཟུ་བོར་གནས་པའི་ངང་ནས་བལྟ་འོས་ལ་དེའི་གནས་ཚུལ་སོགས་ལའང་ཞིབ་དཔྱད་གཏོང་བར་འོས། དེ་ནི་བོན་སྒོར་ཞུགས་ནས་བོད་ཀྱི་གྲུབ་མཐའ་གཞན་དག་ལ་རྨ་ཕབ་པའི་དམིགས་ཡུལ་ཞིག་གཏན་ནས་མིན་ཁར་བོད་གངས་ཅན་གྱི་ཡ་ཐོག་རིག་གནས་དང་དེ་འབྲེལ་གྱི་ཆོས་ལུགས་གྲུབ་མཐའི་སྐོར་གྱི་ཡོད་པ་རྒྱུད་འཛིན་དང་མེད་པ་ཁ་གསབ་བྱེད་རྒྱུའི་ལས་འགན་རླབས་པོ་ཆེ་ཞིག་ཡིན་པ་ཁ་ཚོན་བཅད་ནས་བཤད་འོས་པ་ཞིག་རེད།      ཉེ་ཆར་རིན་སྤུངས་ཚུལ་བསྟན་མཆོག་ནས་བོན་གྱི་རིག་གནས་ཞིབ་འཇུག་གི་ཚ་རླབས་དང་ཁ་གཏད་ནས་སྒྲུབ་བཞིན་པའི་《མུ་ཁྲི་བཙན་པོ》ལ་ཆ་མཚོན་ན་ཁྱད་བོན་མང་བོ་ཞིག་ཞུ་རྒྱུ་འདུག་ནའང་དེ་དག་བོད་ཀྱི་ཀློག་པ་པོ་རིས་མེད་རྣམས་ལ་ཞིབ་པར་ཞུ་མ་དགོས་པར་རང་འདོད་ཀྱིས་རྒྱུས་ལོན་ཡོད་པ་བཅས་ཁོང་གིས་ཡུལ་སའི་བོན་གྱི་རིག་གནས་ལ་བཟུང་བའི་རྩ་བའི་རྣམ་འགྱུར་དང་དཀར་བོ་དགེ་བའི་སྒྲུབ་སྟངས་འདི་ཉིད་འཛམ་གླིང་གང་སར་གནས་པའི་བོན་པོ་སོགས་གྲུབ་མཐའ་རིས་མེད་ཀྱི་དཔྱོད་ལྡན་རྣམས་ཀྱི་དགའ་བའི་ལེ གས་སྐྱེས་སུ་འགྱུར་བར་སྨོན་འདེབས་རྒྱུ་བཅས། བོད་ཤར་ཕྱོགས་ཨ་མདོའི་འབྲོག་ལྗོངས་ནས་འཚར་ལོངས་བྱུང་ཞིང་མི་ཚེ་ཕྱེད་ཀ་དཔེ་ཀློག་ཐོས་བསམ་ཁྲོད་ཡོལ་མྱོང་བའི་གངས་ཅན་བོད་ཀྱི་གཞོན་ནུ་བན་ཤུལ་དཔལ་མཁར་རྒྱལ་ལམ་བསྟན་འཛིན་མཐར་ཕྱིན་ནས་བྲེལ་འཚུབ་མང་པོའི་ཁྲོད་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག ། 2009-11-11ལ་ལྷ་ས་ནས། དགོས་མཁོ་མཁན་དག་གིས་འབྲེལ་བ་གནང་ཡུལ། གཙོ་སྒྲིག་པ། རིན་སྤུངས་ཚུལ་བསྟན། ཁ་པར་ཨང་གྲངས། ༡༣༩༩༠༤༡༨༧༧༣

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།