སྐབས་གཉིས་པའི་ལྷ་སའི་ཞང་ཞུང་རིག་གནས་དཔྱད་གླེང་ཚོགས་འདུ་འཚོགས་པ།

“སྐབས་གཉིས་པའི་བོད་ལྗོངས་ལྷ་སའི་ཞང་ཞུང་རིག་གནས་རིག་གཞུང་དཔྱད་གླེང་ཚོགས་འདུ་”དངོས་སུ་འཚོགས་པ།

01
རྩོམ་པ་པོ། ཁྲི་བསོད་བསྟན། རྩོམ་ཁུངས། ཧི་མ་ལ་ཡའི་བོན་དྲ་བ་ལས་དྲངས།

2015ལོའི་ཟླ12པའི་ཚེས20-23སྟེ་ཉིན་གསུམ་གྱི་རིང་ལ། ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་གནང་ཞིང་། ལྷ་ས་གྲོང་ཁྱེར་དྲིལ་བསྒྲགས་པུའུ་དང་ལྷ་ས་གྲོང་ཁྱེར་རིག་དངོས་ཅུས་གཉིས་ཀྱིས་སྒྲུབ་འགན་འཁུར་ནས་ཞང་ཞུང་རིག་གནས་ལ་མཐོང་ཆེན་དང་རྒྱབ་སྐྱོར་ཆེན་པོ་གནང་བའི་ཐུགས་ཁུར་འོག་“སྐབས་གཉིས་པའི་བོད་ལྗོངས་ལྷ་སའི་ཞང་ཞུང་རིག་གནས་རིག་གཞུང་དཔྱད་གླེང་ཚོགས་འདུ་”དེ་བོད་ཀྱི་ལྷ་ས་ཀྲུའུ་ཅིད་གསོལ་མགྲོན་ཁང་ཆེན་མོ་རུ་དངོས་སུ་གཟབ་རྒྱས་ངང་འཚོགས་ཐུབ་པ་བྱུང་།  02ཐེངས་འདིའི་དཔྱད་གླེང་ཚོགས་འདུའི་སྟེང་བོད་ལྗོངས་གཙོས་པེ་ཅིང་དང༌། མཚོ་སྔོན། སི་ཁྲོན། ཀན་སུའུ་སོགས་ཀྱི་ཞིབ་འཇུག་ལས་ཁུངས་ཀྱི་ཞིབ་འཇུག་མི་སྣ་དང་སློབ་གྲྭ་ཆེན་མོ་བའི་དགེ་རྒན་ཆེན་མོ་བ། ཞིབ་འཇུག་སློབ་མ་སོགས་ཞང་ཞུང་རིག་གནས་ལ་དོ་སྣང་དང་ཉམས་ཞིབ་གནང་མཁན་གྱི་མི་སྣ་བརྒྱ་ལྷག་མཉམ་འཛོམས་བྱུང་ཡོད་ལ། དེ་ལས་ཞིབ་འཇུག་མི་སྣ་ཉེར་ལྔས་སོ་སོས་ཞང་ཞུང་རིག་གནས་དང་གནའ་རྫས་རྟོག་དཔྱོད། ཆོས་ལུགས་དང་སྐད་བརྡ་རིག་པ་སོགས་ཞང་བོད་རིག་གཞུང་སྐོར་ནས་ཉམས་མྱོང་སྤེལ་རེས་དང་ལྟ་ཚུལ་བརྗེ་རེས། དོགས་སློང་འདྲི་རྩད་སོགས་བརྒྱུད་དེ་གནའ་བོའི་ཞང་ཞུང་གི་ལོ་རྒྱུས་དང་བོད་གནའ་བོའི་ཤེས་རིག་ལོ་རྒྱུས་སྐོར་ནས་རང་ཉིད་ཀྱི་རིག་གཞུང་ཞིབ་འཇུག་གི་དཔྱད་རྩོམ་སྒྲོག་སྦྱོང་དང་ལྟ་ཚུལ་འདོན་སྤྲོད་སྤེལ་རེས་བྱས།03ཉིན་དང་པོ་སྟེ་ཚེས་20ཉིན་གྱི་སྔ་དྲོར། ལྷ་ས་གྲོང་ཁྱེར་གྱི་འགོ་ཁྲིད་ཁྲེ་མིང་ཧོས་ལགས་ནས་ཞང་ཞུང་རིག་གནས་དཔྱད་གླེང་ཚོགས་འདུའི་ཚོགས་ཆེན་དབུ་འབྱེད་ཀྱི་ཤིས་ཚིག་སྒྲོག་འདོན་དང་ཚོགས་འདུ་ངོ་སྤྲོད། ཚོགས་དགོས་པའི་དམིགས་དོན་སྐོར་ནས་གསུང་བཤད་གལ་ཆེན་གནང༌།04ལྷ་ས་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཆིས་དགྲ་ལྷ་ལགས་ནས་ཞང་ཞུང་རིག་གནས་ནི་བོད་རང་ས་ནས་དར་བའི་གནའ་བོའི་རིག་གནས་ཤིག་ཡིན་པས་ཞང་ཞུང་རིག་གནས་ཞིབ་འཇུག་སྐོར་ལ་ཞིབ་འཇུག་དང་མཐོང་ཆེན་མཛད་དགོས་ཚུལ་གྱི་གཏམ་བཤད་གནང༌ཞིང་། ཁོང་གིས་ཕྱོགས་གསུམ་གྱི་སྒོ་ནས་ཞང་ཞུང་རིག་གནས་ཀྱི་གལ་ཆེའི་རིན་ཐང་དང་གོ་གནས། ཞང་ཞུང་རིག་གནས་ཀྱིས་ཐེབས་པའི་ཤུགས་རྐྱེན་གླེང་བར་མ་ཟད། ཡ་གླིང་ལྷོ་མའི་ལམ་བུ་འགངས་ཆེན་བཙུགས་ཏེ་རྒྱུ་གཅིག་ལམ་གཅིག་གི་སྲིད་ཇུས་དང་སྦྲགས་ནས་རིག་གནས་ལ་མཐོང་ཆེན་དང་། རིག་གནས་མ་ལག་ཐབས་ལམ་གྱི་གལ་ཆེའི་རང་བཞིན་བཀོལ་སྤྱོད་བྱས་ཏེ་ཞང་ཞུང་རིག་གནས་ལ་དབྱེ་ཞིབ་བྱས་ནས་ཞིབ་འཇུག་གི་ཁ་ཕྱོགས་ལ་གསེད་བཀྲོལ་བྱ་རྒྱུའི་བསམ་འཆར་བཏོན།05རྗེས་སུ་རྒན་པ་སངས་ནོར་བུ་ལགས་ཀྱིས་འགོ་འཛིན་བྱས་ཤིང་། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་སྟོང་སྐོར་ཚེ་རིང་ཐར་ལགས་ནས་“དེང་རངས་རྒྱལ་ཁབ་ཕྱི་ནང་གི་ཞང་ཞུང་རིག་གནས་ཞིབ་འཇུག་”ཅེས་ཞང་ཞུང་གི་ལོ་རྒྱུས་དང་ས་ཁམས་ཞིབ་འཇུག ཞང་ཞུང་གི་སྐད་དང་ཡི་གེ་ཞིབ་འཇུག ཞང་ཞུང་གི་ཆོས་ལུགས་དང་དད་མོས་ཞིབ་འཇུག རྒྱལ་སྤྱིའི་ཞང་ཞུང་རིག་གནས་ཀྱི་གནས་སྟངས། ཞང་ཞུང་དང་བོད་ཀྱི་རིག་གནས་དབར་གྱི་འབྲེལ་བ་སོགས་ཁག་ལྔའི་སྒོ་ནས་དབྱེ་སྟེ་ཞང་ཞུང་ཞིབ་འཇུག་གི་ད་ལྟའི་གནས་བབས་དང་ཞིབ་འཇུག་གི་འབྲས་བུའི་སྐོར་ནས་གཏམ་བཤད་གལ་ཆེན་མཛད།06པེ་ཅིང་ནས་ཕེབས་པའི་ལི་ཝུན་ནས་ཞང་ཞུང་རིག་གནས་འདུ་ཤེས་འཛིན་སྟངས་ལ་འཕེལ་རྒྱས་བྱུང་བ་དང་དེས་རྒྱུད་གཅིག་ལམ་གཅིག་གི་འཐབ་ཇུས་ཐད་ཀྱི་རིན་ཐང་སྐོར་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་བོད་རིག་པའི་ཞིབ་འཇུག་པ་དོན་གྲུབ་ལྷ་རྒྱལ་ལགས་ནས་”བོད་བཙན་པོའི་གོང་གི་ལྷ་སའི་ཁུལ་དང་ཞང་ཞུང་རིག་གཞུང་གཉིས་དབར་གྱི་འབྲེལ་བའི་སྐོར”ནས་གཏམ་བཤད་སྤེལ།07 08ཕྱི་དྲོར། “སྐབས་གཉིས་པའི་བོད་ལྗོངས་ལྷ་སའི་ཞང་ཞུང་རིག་གནས་རིག་གཞུང་དཔྱད་གླེང་ཚོགས་འདུའི་”ཚོགས་ཞུགས་པ་རྣམས། བསྟན་པ་སྔ་དར་སྐབས་སུ་བོན་གྱི་འདུ་གནས་སོ་བདུན་གྱི་‘ལྷ་སའི་ཡེར་པར་’གྲགས་ཤིང་བསྟན་པ་ཕྱི་དར་སྐབས་སུ་དབུས་ཀྱི་གཏེར་གནས་‘ཡེར་པ་རྫོང་’། དེང་དུས་ཀྱི་‘བྲག་ཡེར་པའི་’ཕྱི་ནང་གི་བཀོད་པར་རྒྱུས་ལོན་དང་ཉམས་ཞིབ་ཏུ་བསྐྱོད།09ཉིན་གཉིས་པ་སྟེ་ཚེས་21ཉིན་གྱི་སྔ་དྲོའི་ཚོགས་ཐེངས་དང་པོར། སློབ་དཔོན་ཆེན་མོ་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱི་འགོ་འཛིན་འོག ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཤར་བ་ཐོགས་མེད་ལགས་ཀྱིས་བོད་ཀྱི་རིག་གཞུང་འགའ་དང་ཤར་རྒྱལ་མོ་རོང་གི་ཉེ་འདབས་ནས་གསར་རྙེད་བྱུང་བའི་འཁར་ཆས་འགའ་ལ་དཔྱད་པ་ཞེས་པ་དང་བོད་ལྗོངས་མངའ་རིས་ཁུལ་སྤུ་ཧྲེང་རྫོང་ཡུལ་སྐོར་ལས་ཁུངས་ཀྱི་འགོ་ཁྲིད་ཀྲུའུ་འུན་ཆང་ནས་ཞང་ཞུང་ཤེས་རིག་དང་དར་གོས་ལམ་བུའི་སྐོར་ནས་གཏམ་བཤད་སྤེལ།10  བོད་ལྗོངས་ཞིང་འབྲོག་ཚན་རིག་ཞིབ་འཇུག་ཁང་གི་བན་ཤུལ་དཔལ་མཁར་རྒྱལ་ལགས་ནས་ཁྱུང་དང་གཡག-དབུ་ཁྱུང་དང་ཤད་ཀྱི་སྐོར་ལ་དཔྱད་པ་ཞེས་པ་དང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ་རྣལ་འབྱོར་ཚེ་རིང་གིས་སྲིད་པའི་བོན་གྱི་ཡིག་ཆ་ལས་སྲིད་པའི་གཟུ་བོ་རྣམ་གསུམ་གྱི་སྐོར་རགས་ཙམ་བརྗོད་པ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་མུའུ་ཧྲེ་ཧྭ་ལགས་ནས་བོད་རིགས་ཀྱི་བོན་ཆོས་ཀྱི་ལྷ་དང་འཇང་རིགས་སྟོན་པའི་ཆོས་ཀྱི་ལྷའི་འབྲེལ་བའི་སྐོར་ནས་གཏམ་བཤད་སྤེལ།11  མངའ་རིས་གུར་གྱམ་དགོན་པའི་ཚུལ་ཁྲིམས་ཕུན་ཚོགས་ལགས་ནས་གནའ་བོའི་བོད་ཀྱི་ཡུལ་དུ་དམར་མཆོད་དང་འབྲེལ་བའི་གླུད་གཏོང་སྲོལ་གྱི་ངོ་བོ་ལ་དཔྱད་པ་ཞེས་པ་དང་། བོད་ལྗོངས་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཨོ་རྒྱན་རྒྱལ་མཚན་ལགས་ནས་ཞང་ཞུང་ཕུག་པའི་པུ་ཧྲང་ས་ཁུལ་གྱི་གནའ་སྲོལ་རིག་གནས་སྐོར་མདོ་ཙམ་གླེང་བ། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་གླིང་གི་འབུམ་རམས་ཞིབ་འཇུག་སློབ་མ་ལྕགས་མོ་མཚོ་ནས་རྣེལ་གྲི་འདུལ་བའི་ཐབས་སོགས་ཞེས་པའི་ཡིག་རྙིང་དང་འབྲེལ་ནས་བོན་པོའི་གྲི་འདུལ་གྱི་ཆོ་ག་གླེང་བ་ཞེས་པའི་དཔྱད་རྩོམ་སྒྲོག་སྦྱོང་གནང་།12ཕྱི་དྲོར། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཤར་བ་ཐོགས་མེད་ལགས་ཀྱིས་མདོ་འཛིན་གནང་ཞིང་། སི་ཁྲོན་རྔ་བ་ཁུལ་དགེ་འོས་སློབ་གྲྭའི་རྒན་ཚེ་བརྟན་ལགས་ཀྱིས་ཞང་ཞུང་བོན་གྱི་མཆོད་སྦྱིན་གཏོར་མའི་དཔལ་ཡོན་རབ་ཏུ་བྱེད་པ་ཞེས་པའི་སྐོར་ནས་གཏམ་བཤད་དང་། ཕུའུ་ཞ་ནས་རྒྱུད་གཅིག་ལམ་གཅིག་དང་ཞང་ཞུང་གི་རིག་གནས། མཚོ་སྔོན་མི་རིགས་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སུམ་པ་བསོད་ནམས་དོན་གྲུབ་ལགས་ཀྱིས་གནའ་བོའི་ཞང་ཞུང་གི་‘ཡིག་རྙིང་དབུ་ནག་མིའི་འདྲ་ཆགས་’ཞེས་པ་དཔྱད་གཞིར་བཟུང་ནས་ཕྱི་སྣོད་འཇིག་རྟེན་གྱི་ཆགས་ཚུལ་དང་ནང་བཅུད་ཀྱི་སེམས་ཅན་གྲོལ་ཚུལ། བོན་བསྟན་བྱུང་འཕེལ་དང་རྒྱལ་ཁྲིམས་དར་རྒུད། དབུ་ནག་མིའི་རིགས་རྒྱུད་འཕེལ་རིམ་སོགས་ཀྱི་སྐོར་ནས་གཏམ་བཤད་སྤེལ།13གཙང་ཚྭ་བསམ་གཏན་འགྱུར་མེད་ལགས་ཀྱིས་བོན་གྱི་འདུ་གནས་སོ་བདུན་ལས་བྱེ་བྲག་ཏུ་ལྷ་སའི་ཉེ་འཁོར་དུ་ཡོད་པའི་འདུ་གནས་གསུམ་སྟེ་ངན་ལམ་རལ་གསུམ་དང་ཤུན་གྱི་བྲག་དམར། ལྷ་ས་ཡེར་པ་གསུམ་གྱི་སྐོར་ངོ་སྤྲོད་དང་དཔྱད་གཏམ་སྤེལ། རྨ་ཆུའི་སྐལ་བཟང་བཟོད་པ་ལགས་ནས་བོད་ཀྱི་བྲག་བརྐོས་རི་མོའི་ཁྲོད་ཀྱི་རྒྱུད་མཚོན་རི་མོ་ཁྱུང་གི་དད་མོས་སྐོར་ནས་དཔྱད་རྩོམ་སྒྲོག་སྦྱོང་གནང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་རྨོག་རུ་གནམ་ལྷ་ཚེ་རིང་ནས་གནམ་རུ་སྲོང་བཙན་གྱི་མཚན་ལས་བྱུང་བའི་རི་ཡིག་གི་ཁུངས་ལ་གསར་དུ་དཔྱད་པའི་བརྗོད་གཞིའི་སྟེང་ནས་ཁྲི་ཞེས་པའི་ཐ་སྙད་ཀྱི་སྐད་གདངས་འགྱུར་བའི་ཐད་ཀྱི་དཔྱད་འབྲས་སྤེལ།14ཉིན་གསུམ་པ་སྟེ་སྤྱི་ཚེས་23ཉིན་གྱི་སྔ་དྲོར། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བྱང་ངོས་པ་ཚེ་གཡང་ལགས་ཀྱིས་འགོ་འཛིན་གནང་ཞིང་། ཀྲུང་གོའི་ཏུན་ཧོང་བྲག་ཕུག་སྒྱུ་རྩལ་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲང་ཅཱ་ཧོང་ནས་ཡ་གླིང་གཞུང་དང་འཕྲེད་ཀྱིས་བཅད་པའི་འཇའ་ཚོན་ཞེས་ལོ་ངོ་སྟོང་ཕྲག་གི་གོང་རོལ་དུ་གངས་དཀར་ཏི་སེ་ནས་དར་ཁྱབ་བྱུང་བའི་ཞང་ཞུང་ཤེས་རིག་ནི་མིའི་རིགས་ཀྱི་ཤེས་དཔལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་ཞང་ཞུང་རིག་གནས་ཀྱི་ཤུགས་རྐྱེན་ནི་བོད་ལྗོངས་དང་ཡ་གླིང་གི་ནང་བསྟན་ཆོས་ལུགས་ཁྲོད་ཁྱབ་གདལ་བྱུང་ཡོད་ཚུལ་སྐོར་ནས་གཏམ་བཤད་དང་། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྐལ་བཟང་ཚེ་བརྟན་ལགས་ནས་ཞང་ཞུང་དུས་ཀྱི་གནའ་བོའི་ཚོང་ལམ་འཚོལ་ཞིབ་དང་ཨེ་ཤ་ཡ་ལྷོ་མའི་མཉམ་ལས་སྤྱི་ཕན་འབྲེལ་བར་སྐུལ་འདུད་བྱེད་པའི་སྐོར་གླེང་བ་ཞེས་དུས་རབས་བརྒྱད་པའི་སྐབས་ཀྱི་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ཞང་ཞུང་རྒྱལ་རབས་བཅོ་བརྒྱད་དང་ཨེ་ཤ་ཡའི་ཚོང་འབྲེལ་རིག་གནས་བརྗེ་རེས་སྐོར་ནས་དབྱེ་ཞིབ་ཀྱིས་དཔྱད་གཏམ་སྤེལ། 15མཁར་ནག་སྤྲུལ་སྐུ་སྐལ་བཟང་རྒྱ་མཚོ་ལགས་ནས་ཞང་སྐད་ཞིབ་འཇུག་ཁྲོད་ཀྱི་བོན་གཞུང་དག་གི་དགེ་མཚན་གླེང་བ་ཞེས་པ་དང་། ཡ་བྲང་གཡུ་འབྲུག་ལགས་ནས་བོན་གྱི་ཡིག་ཚང་ཁྲོད་ཀྱི་ཁུ་བྱུག་སྔོན་མོ་ཞེས་བརྗོད་གཞིའི་སྟེང་ནས་སོ་སོས་བསམ་ཚུལ་མཚོན་པའི་བསམ་བློ་བརྗེ་རེས་ཀྱི་དཔྱད་རྩོམ་སྒྲོག་སྦྱོང་གནང་།16ཚོགས་ཐེངས་གཉིས་པར་ཕོ་བྲང་པོ་ཏཱ་ལའི་དོ་དམ་ཁྲུའུ་འགན་འཛིན་པ་བསོད་ནམས་དབང་ལྡན་ལགས་ཀྱི་འགོ་འཛིན་གནང་འོག ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧེ་ཅུའུ་ཆོན་ལགས་ནས་འཇང་རིགས་སྟོན་པའི་ཡིག་ཆའི་ཁྲོད་ཀྱི་ཞང་ཞུང་རིག་གནས་ཀྱི་ཤུལ་བཞག་གླེང་བ་དང་། ཀྲུང་གོའི་མི་དམངས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་གཡུང་དྲུང་ནས་སྨིན་སྐྱིད་སྒང་གི་བོན་པོའི་ལྡེབས་རིས་ལ་དཔྱད་པ་ཞེས་གཙང་དར་སྡིངས་སུ་གནས་པའི་དམུ་རིགས་གཤེན་གྱི་དགོན་རྙིང་གཤེན་ཚང་གསེར་སྒོ་ཁྲ་མོའི་ཉེ་གནས་ཀྱི་དུད་ཁྱིམ་ཞིག་ཏུ་ཉར་བའི་སྟོན་པ་གཤེན་རབ་མི་བོའི་མཛད་པ་བཅུ་གཉིས་ཀྱི་ལྡེབས་རིས་དེ་ལ་བོན་གཞུང་ཡིག་ཚང་དྲི་མེད་གཟི་བརྗིད་དང་མདོ་གཟེར་མིག་སོགས་ལ་གཞི་བཅོལ་ཏེ་གནའ་དཔྱད་རིག་པ་དང་མཛེས་རྩལ་རིག་པ་སོགས་ཀྱི་ཞིབ་འཇུག་ཐབས་ལམ་སྤྱད་དེ་རིན་ཐང་བྲལ་བའི་ལྡེབས་རིས་དེ་ལ་དཔྱད་འཇོག་བྱས་ཡོད། 17ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་དབྱངས་ཅན་འབྲུག་མོ་ལགས་ནས་ཟིང་ཆུ་རྫོང་ཁོངས་ཀྱི་ཞང་ཞུང་ངམ་ཞང་ངུ་ཁོག་དང་འབྲེལ་བའི་བརྗོད་གཞིའི་སྟེང་ནས་གཏམ་བཤད་དང་། ལྷ་ས་གྲོང་ཁྱེར་རིག་དངོས་ཅུའུའི་ཞིབ་འཇུག་པ་དང་ཞང་ཞུང་རིག་གནས་དར་རྒྱས་ཚོགས་པའི་འགན་འཛིན་པ་ཞུང་ཀརྨ་རྒྱལ་མཚན་ལགས་ནས་སྟོད་ལུང་འབྲི་ལུང་གནའ་ཤུལ་དང་ཞང་ཞུང་རིག་གནས་བར་གྱི་འབྲེལ་བ་ལས་འཕྲོས་ཏེ་ལྷ་སའི་ཡུལ་སྐོར་རིག་གནས་ཀྱི་ཕུགས་འདུན་དཔྱད་པ་ཞེས་བོན་གྱི་ཡིག་ཚང་ཁག་ལ་གཞི་བཅོལ་ཏེ་བོན་གྱི་འདུ་གནས་སོ་བདུན་ཁག་རྩད་གཅོད་ཞིབ་འཇུག་དང་འདུ་གནས་སོ་བདུན་གྱི་ཡ་གྱལ་སྟོད་རོལ་ལུང་གསུམ་འདུ་གནས་ཞེས་པ་ལུང་གི་རྒྱབ་བརྟེན་གྱིས་ངོས་འཛིན་དང་ལོ་ཚིགས། ཞོར་དུ་མ་འོངས་པར་གནའ་ཤུལ་དེ་ལེགས་པར་སྲུང་སྐྱོབ་བྱེད་དགོས་ཚུལ་སྐོར་ནས་གཏམ་བཤད་སྤེལ་བ་སོགས་གོང་དུ་གཏམ་བཤད་པ་རྣམས་ཀྱིས་དཔྱད་རྩོམ་གྱི་དཔྱད་གཞི་ཁུངས་བཙུན་ཞིང་དཔྱད་འབྲས་གསར་བ་མངོན་པའི་དཔྱད་གཏམ་རེ་སྤེལ།18ཕྱི་དྲོར། སྐབས་གཉིས་པའི་བོད་ལྗོངས་ལྷ་སའི་ཞང་ཞུང་རིག་གནས་རིག་གཞུང་དཔྱད་གླེང་ཚོགས་འདུའི་འགོ་ཁྲིད་དང་ཚོགས་ཞུགས་མི་སྣ་རྣམས་གྲོས་མོལ་ཚོགས་འདུར་ཞུགས་ཤིང་། ཚོགས་སྟེང་དུ་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་གླིང་གི་གླིང་གཙོ་སྟོང་སྐོར་ཚེ་རིང་ཐར་ལགས་དང་ལྷ་ས་གྲོང་ཁྱེར་གྱི་ཏང་ཨུའི་རྒྱུན་ཨུ། ལྷ་ས་གྲོང་ཁྱེར་གྱི་དྲིལ་བསྒྲགས་པུའུའི་འགོ་ཁྲིད་དགྲ་འདུལ། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་འགོ་ཁྲིད་གཞོན་པ་བུའུ་ཡ་སོན་གཙོ་བྱས་ཚོགས་བཞུགས་ཀྱི་འགོ་ཁྲིད་དང་མཁས་པ་རྣམས་ཀྱིས་མ་འོངས་པའི་ཚོགས་འདུའི་འགྲོ་རིམ་ཐད་ནས་གྲོས་བསྡུར་དང་སྤྱི་བསྡོམས། ཚོགས་འདུའི་ཁ་ཕྱོགས་དང་སྒྲིག་གཞི། དུས་ཚིགས་སོགས་ཀྱི་སྐོར་ནས་གྲོས་མོལ་བགྲོ་གླེང་མཛད། མཇུག་མཐར་འཆར་གཞི་སྐོར་ཞིག་ལ་ཚང་མ་མོས་མཐུན་བྱུང་ནས་ཐེངས་འདིའི་ཚོགས་འདུ་བདེ་བླག་ངང་ཡོངས་སུ་མཇུག་བསྡུས་པའོ།།19

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།