རེབ་གོང་བོན་བརྒྱ་དགོན་པས་ཡུལ་ཤུལ་མི་དམངས་ལ་ཞལ་འདེབས་ཕུལ་བ།

1619577329ང་ཚོ་ནི་ཐུན་རིན་རྫོང་ཆུ་ཁོག་ཡུལ་ཚོ་བོན་བརྒྱ་དགོན་པའི་གྲྭ་བ་ཡིན། ད་ལྟ་སྐྱེ་རྒུ་ས་ཁུལ་ལ་རང་བྱུང་ཁམས་ཀྱི་གནོད་འཚེ་འདི་ལྟ་བུ་བྱུང་བ་མཚོ་སྔོན་བརྙན་འཕྲིན་བརྒྱུད་ནས་མཐོང་ཞིང་། རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམ་པ་དང་། རྒྱལ་ཁབ་ཕྱི་ནང་ཀུན་ནས་ཡོང་པའི་མི་དམངས་སྤུན་ཟླ་ཡོངས་ཀྱིས་སྐུ་ཚེགས་དང་དཀའ་ངལ། མཐའ་ན་རང་གི་སྲོག་ལའང་མ་འཛེམས་པར་མི་ཤུགས་དང་རྒྱུ་ཤུགས་ཡོངས་སུ་ཕུལ་བ་འདི་མཐོང་ན། རང་ཅག་བོད་མི་དཀྱུས་མ་ཞིག་དང་། ཡང་ན་དགོན་སྡེ་ཆུང་ཆུང་ཞིག  ཐ་ན་གྲྭ་བ་གྲྭ་རྐྱང་ཞིག་ཡིན་ཡང་སོ་སོའི་རྒྱུད་ན་བྱང་ཆུབ་ཀྱི་སེམས་ཅུང་ཙམ་ཞིག་གམ། ནང་མིའི་རུས་ཞེན་ཟབ་མོ་ཞིག་ནི་ཅིས་ཀྱང་ཡོད་དགོས་པས། ང་ཚོས་ཀྱང་མིག་ནས་མཆི་མ་འདོན་བཞིན་གྲྭ་བཙུན་རྣམས་ལ་སྐུལ་འདེད་བྱས་ནས་ཞལ་འདེབས་བསྡུས་པ་ཡིན། ༢༠༠༨ལོར་སི་ཁྲོན་ས་ཆར་རང་བྱུང་ཁམས་ཀྱི་གནོད་འཚེ་བྱུང་བའི་དུས་སུ་ང་ཚོས་དམངས་སྒོར་ཆིག་ཁྲི་བཞི་སྟོང་ལྷག་གི་ཞལ་འདེབས་ཕུལ་བ་ཡིན་ལ། ད་ཐེངས་དམངས་སྒོར་ཆིག་ཁྲི་ལྔ་སྟོང་༼འདི་ལས་སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེས་དམངས་སྒོར་ཁྲི་གཅིག་གི་ཞལ་འདེབས་ཕུལ། ༽དང་། གཞན་གོ་རེ་རྩམ་པ་སོགས༼དམངས་སྒོར་བཞི་སྟོང་རི་བ༽་འབྱོར་ཚད་གནོད་འཚེ་བྱུང་བའི་སྤུན་ཟླ་ཡོངས་ལ་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ཕུལ་བ་ཡིན། ད་ལྟ་ང་ཚོའི་དགོན་པ་ན་གྲྭ་བཙུན་བརྒྱ་ལྷག་གིས་རྐྱེན་ལམ་དུ་ཤོར་བའི་འདས་པོ་ཚང་མར་བསྔོ་སྨོན་ཡང་དག་གནང་བཞིན་པའི་སྒང་ཡིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།