རྒྱལ་བ་མཉམ་མེད་ཆེན་པོའི་བཀའ་འབུམ་དེབ་གཟུགས་སུ་བསྐྲུན་པ།

ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་ས་གསུམ་འགྲོ་བའི་འདྲེན་པ་ཆེན་པོ་ཀུན་མཁྱེན་རྒྱལ་བ་གཉིས་པ་རྗེ་སྨན་རི་བ་གཤེན་གྱི་དྲང་སྲོང་མཉམ་མེད་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་བཀའ་འབུམ་ཕྱོགས་བསྒྲིགས་བཞུགས་སོ།།

རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

0301

གླེང་གཞི།

༄༅། ། ཤ་རུས་གངས་རི་ལས་མཆེད་ཅིང་དུང་སེམས་ཁ་བ་དང་འདྲེས་པའི་རི་བོ་གངས་ཅན་པ་རྣམས་ཀྱི་ཕ་ཆོས་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཞང་བོད་ཀྱི་ཞིང་འདིར་དར་ནས་བཟུང་ད་ལྟའི་བར་དུ་བོན་བསྟན་ལ་དུས་གཉན་གྱི་འགག་འཕྲང་ཆེན་པོ་གསུམ་བརྒྱུད་ཡོད་པ་ནི། གྲི་གུམ་གྱི་དུས་དང་། ཁྲི་སྲོང་གི་དུས་དང་། རིག་གསར་གྱི་དུས་གསུམ་ཡིན། བསྟན་པ་སྔ་དར་དང་ཕྱི་དར་གཉིས་སུ་ཕྱེ་བ་ནི་ཁྲི་སྲོང་ཡན་དུ་དར་བ་ལ་སྔ་དར་དང་དེ་མན་ཆད་དར་བ་ལ་ཕྱི་དར་ཟེར། ཡང་གྲི་གུམ་ཡན་དར་བ་ལ་སྔ་དར་དང་། སྤུ་ལྡེ་ནས་ཁྲི་སྲོང་བར་དར་བ་ལ་བར་དར། ཁྲི་སྲོང་གི་རྗེས་ནས་བསྟན་པ་གཏེར་ནས་ཐོན་ཏེ་རིག་གསར་བར་དར་བ་ལ་ཕྱི་དར། ད་ལྟ་རིག་གསར་རྗེས་སུ་དར་བཞིན་པའི་སྒང་འདི་ལ་བསྟན་པ་ཡང་དར་གྱི་དུས་ཞེས་བཤད་ན་འཚམས་པར་འདོད། དུས་རིམ་གྱི་དར་ནུབ་ལ་བརྟེན་ནས་སྔ་དར་ཕྱི་དར་སོགས་གང་བཤད་པ་དག་ངོ་བོ་ནང་པ་གཤེན་རབ་ཀྱི་བསྟན་པ་རང་ཡིན་པ་ལས་འགྱུར་བ་བྱུང་མྱོང་མེད།

རང་རེ་སེམས་ལྡན་ཡོངས་ལ་ཐུན་མོང་སྤྱི་ལ་ཁྱབ་པའི་མ་བཅོས་རང་བཞིན་གྱི་འདུ་ཤེས་ཤིག་ཡོད་པ་ནི་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པ་དེ་རེད། བདེ་བ་དེ་ལའང་འཕྲད་དང་ཡུན་གྱི་བདེ་བ་སོགས་དབྱེ་རུ་ཡོད་ཀྱང་དེ་དག་ཐམས་ཅད་འགྲུབ་པའི་ཐབས་ལམ་གཅིག་པུ་ནི་སངས་རྒྱས་ཀྱི་བསྟན་པ་འདི་ཁོ་ན་ཡིན། སངས་རྒྱས་ཀྱི་བསྟན་པ་དེ་ཡང་གཙོ་བོའི་ཆ་ནས་ལུང་རྟོགས་གཉིས་སུ་འདུས་ཡོད། ལུང་གི་བསྟན་པ་དེ་ལ་ཡང་བཀའ་དང་བཀའ་བརྟེན་གཉིས་སུ་ཡོད་པའི་ད་ལན་དཔར་དུ་བསྐྲུན་རྒྱུའི་རྒྱལ་བ་གཉིས་པ་སྨན་རི་བ་མཉམ་མེད་ཆེན་པོའི་བཀའ་འབུམ་ཞེས་པ་འདི་ནི་བཀའ་བརྟེན་ཡང་དག་པ་ཞིག་ཡིན། དཔེ་ཚོགས་འདིའི་མཛད་པ་པོའི་མཚན་གྱི་རྣམ་གྲངས་ལ། ༧ རྒྱལ་བ་གཉིས་པ་སྨན་རི་བ། གཤེན་གྱི་དྲང་སྲོང་ཤེས་རབ་རྒྱལ་མཚན། མཉམ་མེད་ཤེས་རབ་རྒྱལ་མཚན། རྗེ་བདག་ཉིད་ཆེན་པོ། རྗེ་མཉམ་མེད་ཆེན་པོ། མཉམ་མེད་བླ་མ། མཁས་གྲུབ་སྤྱན་གཅིག་པ། རིག་འཛིན་མཁའ་འགྲོའི་གསོལ་བ། མི་ཡི་སེང་གེ་གཟི་བརྗིད་སྨན་རི་བ། གཙུག་རྒྱན་མཁན་པོ། ཡང་ཁོང་གིས་ཕྱག་བཏབ་པའི་གདན་སའི་མིང་བརྡས་བརྒྱན་ཏེ་སྐྱབས་རྗེ་རྒྱལ་བ་སྨན་རི་བ། རྗེ་བཙུན་སྨན་རི་བ། ཞེས་ཀྱང་ཞུ་གསོལ་ཡོད། ཁོང་ནི་དམུ་རིགས་གཤེན་གྱི་གདུང་སྲས་སྤྲུལ་བའི་སྐུ་མཆོག་ཆེན་མོ་གཤེན་ཆེན་ཀླུ་དགའ་རིན་པོ་ཆེ་ནས་བསྟན་པའི་སྒོ་ཕྱེས་ནས་དར་བའི་བོན་བསྟན་ཕྱི་དར་གྱི་སྐབས་སུ༼འཁྲུངས་འདས་ལོ་ཚིགས། ༡༣༥༦–༡༤༡༥༽བྱོན་ཏེ་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་རྒྱལ་བསྟན་མདོ་སྔགས་སེམས་གསུམ་ཡོངས་རྫོགས་ཀྱི་བདག་པོར་གྱུར་ཏེ་སྙིགས་དུས་འདིར་རྒྱལ་བ་སངས་རྒྱས་དངོས་དང་མཛད་པ་མི་གཉིས་པ་ཞིག་མཛད་པས་མཚན་ལ་རྒྱལ་བ་གཉིས་པ་ཞེས་ཡོངས་སུ་གྲགས་པ་ནི་མཚན་དོན་ཡོངས་སུ་མཚུངས་པ་ཞིག་གོ །༼ཞིབ་གསལ་མཁྱེན་པར་འདོད་ན་ཟུར་དུ་ཡོད་པའི་ཁོང་གི་རྣམ་ཐར་མདོར་བསྡུས་ལ་གཟིགས་པར་ཞུ། ༽ད་ལྟར་དཔར་དུ་བསྐྲུན་པའི་གསུང་པོད་དེབ་གྲངས་བཅུ་ཡི་ནང་དུ་འདུལ་བའི་གཏམ་རྒྱུད་འདི་གཅིག་པུ་མཛད་བྱང་གསལ་པོ་དེ་ཙམ་མེད་པ་སློབ་དཔོན་ཤེས་རབ་རྒྱལ་མཚན་གྱི་ཕྱག་དཔེ་ལ་ཞུས་ནས། བུ་༼བྲུ༽སྟོན་ཉི་མ་རྒྱལ་མཚན་གྱི་ཕྱག་དཔེ་ལས་བཞེངས་པ་ལེགས་སོ།། ཞེས་པ་ཙམ་ལས་མི་གསལ། འདི་མེ་སྟོན་རང་གིས་མཛད་པ་མ་ཡིན་པ་དཔེ་ཆའི་དབུ་ནས་ཤེས་ཀྱི་འདུག འདུལ་བ་གཞུང་ཆེ་ཆུང་གང་གི་སྐབས་སུ་སྦྱར་ཡང་ཉན་ནོ།། ཞེས་སོགས་འདུལ་གཞུང་ཆེ་ཆུང་གཉིས་ཀྱི་ཟུར་རྒྱན་དུ་བཀོད་པ་ཡིན་པ་དང་རྒན་རབས་ཀྱིས་རྗེ་རིན་པོ་ཆེས་མཛད་པའི་འདུལ་བའི་གཏམ་རྒྱུད་ཞིག་ཡོད་པའི་ཟེར་སྒྲོས་ཀྱང་འདུག་པ་སོགས་ལ་གཞིགས་ཏེ་འདིར་བསྒྲིགས་ཡོད། དེ་མིན་གང་ཡོད་པ་དེ་དག་ནི་རྗེ་རིན་པོ་ཆེ་རང་གིས་མཛད་པ་ཤ་སྟག་ཡིན། དཔེ་ཆ་ཁག་ཅིག་ལ་ནང་དོན་དེ་ཙམ་ཁྱད་པར་མེད་པ་ལྟ་བུ་ལ་མཛད་བྱང་ལ་རྗེ་ཡིས་མཛད་པ་ཞེས་པ་དང་། གཏེར་མ་ཡིན་ཞེས་པ་ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་གཞུང་ལྟ་བུ་དང་།  ཞི་བ་ཨ་གསལ་ལ་འགྲོ་མགོན་གྱིས་མཛད་པ་དང་རྗེ་ཡིས་མཛད་པ་ཞེས་གཉིས་ཡོང་གི་འདུག་ཀྱང་རྗེ་ཡིས་མཛད་པ་ཡིན་ཞེས་འཁོད་ཚད་བཞག་ཡོད། འོན་ཀྱང་རྗེ་ཉིད་ཀྱིས་མཛད་པ་ཐམས་ཅད་འདིར་འདུས་ཐུབ་མེད་དེ། ཁོང་གི་རྣམ་ཐར་ངོ་མཚར་པདྨའི་ཕྲེང་བའི༼མཛད་པ་པོ་བཙུན་པ་གྲགས་པ་རྒྱལ་མཚན། རྒྱལ་ཚབ་རིན་རྒྱལ་གྱི་དངོས་སློབ། ༽ནང་དུ་ཁོང་གིས་མཛད་པར་གསལ་བའི་དཔེ་ཆ་མང་དག་ཅིག་ད་རེས་མ་དཔེ་མ་འབྱོར་བའི་རྐྱེན་གྱིས་འདིར་མ་འཁོད་པའི་པོད་གྲངས་བཅུ་ཕྲག་གི་གྲངས་ཡོད་པ་བསྒྲིགས་རྗེས་གཏམ་ནང་དུ་བྲིས་ཡོད་པ་དེར་གཟིགས། འདིར་ཡོད་པ་ནི་རྗེ་མཉམ་མེད་པའི་འཕྲུལ་སྒྲོན་རྣམ་ལྔ་ཞེས་པ་ཡོངས་གྲགས་ཀྱི་བཤད་སྟངས་ཤིག་ཡོད་པ་སྟེ། གཏན་ཚིགས་ཚད་མའི་སྐོར། ས་ལམ་ཕར་ཕྱིན་གྱི་སྐོར། ཐེག་ཆེན་དབུ་མའི་སྐོར། སྣང་སྲིད་མཛོད་ཕུགས་ཀྱི་སྐོར། ཐེག་ཆེན་འདུལ་བའི་སྐོར་བཅས་བཀའ་པོད་ལྔ་ཡི་དགོངས་འགྲེལ་དང་། དེ་སྟེང་ཐེག་པ་དགུ་ཡི་རྣམ་བཞག་མ་འདྲེས་པར་གསལ་བར་བཤད་དེ་མཐར་ཐུག་ཐེག་པ་ཆེན་པོ་ཡང་རྩེ་བླ་མེད་དུ་ལ་བཟླ་བའི་ཐེག་དགུའི་རྣམ་བཞག  ཐེག་པ་ཆེན་པོ་གསང་སྔགས།   མཐར་ཐུག་ཡང་རྩེ་རྫོགས་པ་ཆེན་པོའི་སྐོར་བཅས་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆེན་བརྒྱད་ཀྱི་དགོངས་འགྲེལ་དང་། གསང་སྔགས་གྱི་སྒྲུབ་གཞུང་དང་ཆ་ལག་སྐོར། གསོལ་འདེབས་བསྟོད་ཕྱག་སྐོར། བསང་བརྔན་མཆོད་བསྟོད་སྐོར་སོགས་བསྡོམས་པོད་གྲངས་བླ་མེད་ཕར་ཕྱིན་བཅུའི་རྟེན་འབྲེལ་དུ་བཀོད་པ་བྱས་ཡོད།

དཔེ་ཆ་འདི་དག་དུས་རབས་བཅུ་བཞིའི་དུས་དཀྱིལ་ནས་བཅོ་ལྔའི་དུས་འགོའི་བར་དུ་བྱུང་བ་ཡིན་པ་མཛད་པ་པོའི་འཁྲུངས་འདས་ཀྱི་ལོ་ཚིགས་ལས་རྟོགས་ཐུབ་ཀྱང་འདི་དག་གི་རྩ་བའི་འགྲེལ་གཞི་རྣམས་ནི་བོན་གཞུང་རྙིང་པ་རང་ཡིན་པ་ནི། རྫོགས་ཆེན་གབ་འགྲེལ་དེ་ཉིད་ཀྱི་ལུང་ཁུངས་སམ་འགྲེལ་གཞི་བྱང་སེམས་གབ་པ་ཞེས་པ་དང་། གསང་སྔགས་སྐོར་གྱི་འགྲེལ་གཞི་སྤྱི་སྤུངས་རྩ་བའི་རྒྱུད་རྩ་རྒྱུད་གསང་བ་བསེན་ཐུབ། ཁྲོ་བོ་རྒྱུད་དྲུག དབལ་ཕུར་རྒྱུད་དགུ་སོགས་དང་། ཐེག་པའི་སྐོར་གྱི་འགྲེལ་གཞི་ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་སོགས་དང་། མཛོས་འགྲེལ་གྱི་འགྲེལ་གཞི་སྲིད་པའི་མཛོད་ཕུགས་ཀྱི་གཞུང་། སྡུད་འགྲེལ་གྱི་འགྲེལ་གཞི་སྡུད་པ་ཚིགས་སུ་བཅད་པ་བཅས་བཀའ་ཡི་སྐོར་ནི་བོན་ལུགས་རྣལ་མའི་དགོངས་དོན་ལ་ལོ་གྲངས་ཁྲི་ཕྲག་གོང་གི་ལོ་རྒྱུས་ཡོད་པ་དང་། འདུལ་འགྲེལ་གཉིས་བཅས་འདུལ་བའི་སྐོར་གྱི་འགྲེལ་གཞི་འདུལ་བ་ཀུན་བཏུས་གཞུང་དང་མདོར་བསྡུས་གཞུང་སོགས་དང་། དབུ་མ་བདེན་གཉིས་ཀྱི་འགྲེལ་བའི་འགྲེལ་གཞི་དབུ་མ་བདེན་གཉིས་ཀྱི་གཞུང་སོགས་རྗེ་བཙུན་མེ་སྟོན་ཤེར་འོད་ཀྱིས་མཛད་པ་ཡིན། མེ་སྟོན་ཆེན་པོ།༼འཁྲུངས་འདས་ལོ་ཚིགས་ནི༡༠༣༨–༡༠༩༦༽རྗེའི་དབུ་འདུལ་གཉིས་ཀྱི་དངོས་སུ་འགྲེལ་གཞི་གཙོ་བོ་དེ་ཡིན་ཡང་དེ་ལས་གཞན་པའི་བཀའ་འདུལ་བ་རྒྱུད་དྲུག་དང་མདོ་གཟེར་མིག  བཀའ་བརྟེན་གཞན་དང་རང་གི་མཁན་སློབ་སོགས་ཀྱི་དགོངས་དོན་དཀྲོལ་ཡོད་པ་འགྲེལ་བའི་དཀྱུས་ལས་གསལ་ཡོད། མེ་སྟོན་གྱིས་མཛད་པ་རྣམས་ཀྱི་འགྲེལ་གཞིའང་གཤེན་རབ་ཀྱི་བཀའ་ཚད་མ་ལ་ཐུག་ཡོད་པ་འགྲེལ་བ་རང་ལ་ཞིབ་གཟིགས་གནང་དང་མཁྱེན་ངེས་རེད། རྗེ་ཡི་ས་ལམ་དང་ཚད་མ་སོགས་འགྲེལ་གཞི་གཙོ་བོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་མཆོག་གིས༼འཁྲུངས་འདས་ལོ་ཚིགས་ནི༡༡༩༨–༡༢༦༣༽མཛད་པའི་ས་ལམ་དང་ཚད་མ། བླ་ཆེན་དྲན་པས༼འཁྲུངས་ལོ་སྤྱི་ལོའི་སྔོན༡༩༤༽མཛད་པའི་ཚད་མ་སོགས་ཡིན།

དཔེ་ཚོགས་འདི་ནི་སྒང་བ་བོད་ཀྱི་ཕ་ནོར། ཁ་བ་རི་པའི་མཛེས་རྒྱན་འཛམ་གླིང་ཐོག་ངོམ་རིན་ཡོད་པ་དང་། གནའ་དེང་གང་ལ་ལྟོས་ཏེ་རིན་བྲལ་གྱི་ནོར་བུ་ཞིག་དང་། ཆོས་དང་འཇིག་རྟེན་གང་ལ་ལྟོས་ཏེ་སློབ་གསོའི་ལམ་སྟོན་ཞིག་ཡིན།

ཆོས་ཀྱི་དབང་དུ་བྱས་ན། འདི་ནི་དམ་པའི་སྐྱེས་བུ་རྣམས་ཀྱིས་འཇིག་རྟེན་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་གཟིགས་ཏེ་ཐར་བ་བདེ་བའི་སྐམ་སར་བསྒྲོད་པའི་གཟིངས་ཆེན་ཞིག་སྟེ། འཁོར་བའི་རྩ་བ་ནི་བདག་ཏུ་ལྟ་བའི་མ་རིག་པ་ལ་ཐུག་ཡོད་ཅིང་དེ་སྤང་བའི་ཐབས་ལ་གདུལ་བྱའི་བློ་ཆེ་འབྲིང་ཆུང་གསུམ་ལ་ལྟོས་ཏེ་ཐབས་ཤེས་ཟུང་འབྲེལ་གྱི་སྒོ་ནས་ཚོགས་གཉིས་ཟུང་འཇུག་ཏུ་བསགས་པའི་ཐབས་ལམ་སྤང་ལམ་མདོ་དང་། བསྒྱུར་ལམ་སྔགས། གྲོལ་ལམ་རྫོགས་པ་ཆེན་པོ་གསུམ་གྱི་རྣམ་བཞག་ཆ་ཚང་ལ་མ་ནོར་བར་བསྟན་ཡོད་པས་སོ།།

འཇིག་རྟེན་གྱི་དབང་དུ་བྱས་ན། འདི་ནི་བསམ་བློ་ཡར་ཐོན། སྤྱོད་གཙང་གཞུང་དྲང་། ཤེས་འཇོན་གཉིས་ལྡན། ལས་འབྲས་ཚད་བསྲུངས། འདས་པའི་ལོ་རབས་ཀྱི་རྗེས་ཤུལ་བཙལ་ནས་ལྐོག་གྱུར་ཤེས་བྱའི་འབེན་ལ་དཔྱད་གཏམ་རིག་པའི་མདའ་མོ་འཕེན་མཁན་གྱི་ལོ་རྒྱུས་པ་དང་མ་འོངས་སྤྱི་ཚོགས་ཀྱི་བདག་པོ་གཞོན་སྐྱེས་ཡར་མཚར་རྣམས་གཙོས་པའི་འགྲོ་བ་མི་ཡི་རིགས་ཡོངས་ལ་སློབ་གསོའི་ལམ་སྟོན་གྱི་སྒྲོན་མེ་ཞིག་སྟེ། བསྟན་པའི་རྩ་བ་རྒྱུ་འབྲས་ཡིན་ཞིང་དེ་ནི་དྲང་བདེན་ལ་ཐུག་ཡོད། བསྟན་པའི་ལས་ནི་སྙིང་རྗེ་ཡིན་ཞིང་དེ་ནི་གཞན་ཕན་གྱི་ལྷག་བསམ་ལ་ཐུག་ཡོད། གཞུང་དྲང་དང་གཞན་ཕན་ནི་ཞི་བདེ་དང་ཡར་ཐོན་འཆམ་མཐུནབཅས་ཀྱི་རྨང་གཞི་ཡིན་པར་བརྟེན་འདི་ནི་འཛམ་གླིང་ཞི་བདེ་དང་སྤྱི་ཚོགས་འཆམ་མཐུན། སྤྱོད་གཙང་གཞུང་དྲང་ཡོང་བའི་སློབ་གསོའི་ལམ་སྟོན་ཞིག་ཡིན་ངེས་སོ།།

༧ རྒྱལ་བ་གཉིས་པ་སྨན་རི་བ་མཉམ་ཆེན་པོའི་བཀའ་འབུམ་ཕྱོགས་བསྒྲིགས་ཞེས་པ་ཐེངས་དང་པོ་ཡིན་ནམ་ཞེ་ན། ལུང་དཀར་དགོན་གྱི་དཔོན་སློབ་དྲང་སྲོང་གཡུང་དྲུང་མཆོག་གི་བཀའ་དགོངས་བཞིན་རྩེ་དྲུག་དགོན་གྱི་སྒྲུབ་མཁན་བསོད་ནམས་འགྱུར་མེད་མཆོག་གིས་དེ་སྔོན་མཉམ་མེད་གསུང་འབུམ་ཞེས་པ་ཞིག་ཆབ་མདོའི་ལྕགས་པར་འདེབས་མྱོང་ཡོད་ཀྱང་དེའི་ནང་རྗེ་ཉིད་ཀྱིས་མཛད་པ་ཡིན་པ་ལས་མ་ཡིན་པ་མང་བ་ལྟ་བུ་ཡོད། དེ་བཤད་སྒྲུབ་སློབ་གཉེར་བའི་སྦྱང་བྱ་གང་མང་ཞིག་མཉམ་དུ་བསྒྲིགས་ཏེ་དཔར་དུ་བསྐྲུན་པ་ཞིག་མ་གཏོགས་དོན་དུ་མཉམ་མེད་གསུང་འབུམ་ཆགས་མེད། ཡིན་ནའང་དཔེ་ཆ་དེ་ནི་བསྟན་པ་སླར་གསོའི་སྐབས་སུ་དུས་ཐོག་གི་ཆར་བ་ལྟར་བཤད་སྒྲུབ་སློབ་གཉེར་བ་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། ཡང་རིག་གསར་སྔོན་དུ་གྲྭ་ས་སྨན་རི་སོགས་ལ་མཉམ་མེད་བཀའ་འབུམ་མམ་གསུང་འབུམ་ཞེས་རྗེ་ཉིད་ཀྱིས་མཛད་པ་རྣམས་ཕྱོགས་བསྒྲིགས་བྱས་པ་མེད་པར་ཐག་གཅོད་མི་ཐུབ་ཀྱང་ཡོད་པར་ཡང་གོ་ཐོས་མ་བྱུང་། དེས་ན་འདི་ནི་ཐེངས་དང་པོ་ཡིན་ཞེས་བཤད་ན་འགྲིག་པར་སེམས་སོ།།

དཔེ་ཆ་འདི་དག་ནི་ལོ་རྒྱུས་རིང་ལ་ཁུངས་བཙུན་པ། བརྗོད་བྱ་ཟབ་ལ་རྒྱ་ཆེ་བ། རྗོད་ཚུལ་བདེ་ལ་གོ་སླ་བ། གནའ་རབས་ཀླད་རྙིང་མཁྲེགས་བཟུང་གིས་བཅིངས་མེད་ལ། དེང་རབས་ཀླད་མེད་རྐྱལ་སྟོང་གིས་སླད་མེད། དེས་ན་རྒྱ་ཆེའི་མཁྱེན་ལྡན་དང་དད་ལྡན་རྣམ་པས། ཕ་ནོར་བུས་འཛིན་གྱི་དཔེ་ལྟར་མཆོད་ཕྱག་དང་བཀུར་བསྟི་ཉམས་ལེན་དང་ཞིབ་འཇུག་སོགས་གང་ལ་གང་འདོད་ཀྱིས་བསྟན་པ་འདི་ལ་འཇུག་ཅིང་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བས་ཡངས་པའི་འཇིག་རྟེན་ཁམས་སུ་རྒྱལ་བསྟན་རིན་པོ་ཆེ་དར་ཞིང་རྒྱས་ཏེ་མཐའ་ཡས་པའི་མ་རྒན་སེམས་ཅན་རྣམས་དྲིན་ལན་འཇལ་བ་དང་། དག་པ་དགེ་བའི་སྣང་བས་མི་དགེ་སྡིག་པའི་མུན་པ་སེལ་ཏེ་བདེ་བའི་གོང་བུ་གཅིག་ཏུ་ཟླུམ་པར་ཇི་ལྟར་སྨོན་པ་བཞིན་དུ་འགྲུབ་པར་གྱུར་ཅིག ཅེས་པེ་ཅིང་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོའི་མིང་ཙམ་འཛིན་པ་ལེགས་བཤད་སྨྲ་བའི་ཉི་མ་ཞེས་པས་སྤྱི་ལོ༢༠༡༥ལོའི་ཟླ༢པའི་ཚེ༢༠ཉིན་རྒྱལ་ས་པེ་ཅིང་དུ་བྲིས་པ་དགེ་གྱུར་ཅིག

02

04 05 06 07 08 09 10
14

11 12 13

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།