ཆོས་རྒྱལ་ནམ་མཁའི་ནོར་བུའི་གསུང་འབུམ་དངོས་སུ་དཔེ་སྐྲུན་འགྲེམ་སྤེལ་བྱས།

ཆོས་རྒྱལ་ནམ་མཁའི་ནོར་བུའི་གསུང་འབུམ་དངོས་སུ་དཔེ་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ། བསོད་ནམས་བཀྲ་ཤིས།

 582f8643268b476640aea62bae11285b

ཉེ་སྔོན་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཆོས་རྒྱལ་ནམ་མཁའི་ནོར་བུའི་གསུང་འབུམ་དངོས་སུ་དཔེ་སྐྲུན་འགྲེམ་སྤེལ་བྱས། འདི་ནི་རྒྱལ་ནང་དུ་ཐེངས་དང་པོར་མཁས་པའི་དབང་པོ་ཆོས་རྒྱལ་ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་གཅིག་ཏུ་བསྒྲིགས་ནས་པར་སྐྲུན་གནང་བ་ཞིག་གོ །ལོ་ངོ་གཉིས་ཀྱི་རིང་གི་རྩོམ་སྒྲིག་དཔེ་སྐྲུན་བྱ་བ་བསྒྲུབས་མཐར་ད་ལྟ་དངོས་སུ་ལེགས་འགྲུབ་བྱུང་སོང་། ཁོང་གི་གསུང་འབུམ་དཔེ་སྐྲུན་གནང་བ་འདི་ནི་བོད་རིག་པའི་སྡེ་ཡི་དོན་ཆེན་ཞིག་ཡིན་པར་མ་ཟད། བོད་རིག་པའི་ལས་དོན་འཕེལ་རྒྱས་ཐད་ལ་ཕན་ནུས་ཆེན་པོ་ཐོན་པར་གདོན་མི་ཟའོ། །

ཆོས་རྒྱལ་ནམ་མཁའི་ནོར་བུའི་གསུང་འབུམ་འདི་ནི་པོད་ལྔའི་བདག་ཉིད་ཅན་ཞིག་ཡིན་ཞིང་། པོད་དང་པོར་རྫོགས་ཆེན་གྱི་སྐོར་དང་། པོད་གཉིས་པར་རིག་གནས་ཀྱི་སྐོར། པོད་གསུམ་པར་གསོ་རིག་གི་སྐོར། པོད་བཞི་དང་པོད་ལྔ་པར་ལོ་རྒྱུས་ཀྱི་སྐོར་བཅས་སོ། །གསུང་འབུམ་ཁྲོད་དུ་ཡར་སྔོན་རྒྱལ་ནང་དུ་དཔེ་སྐྲུན་བྱས་མྱོང་བའི«ཞང་བོད་ལོ་རྒྱུས་ཏི་སེའི་འོད»སོགས་བདམས་ཡོད་པར་མ་ཟད། «བཀྲ་ཤིས་པའི་དཔལ་རིག་པའི་ཁུ་བྱུག»སོགས་བརྩམས་ཆོས་བཅུ་ཕྲག་ལྷག་ཁ་སྣོན་བྱས་ཡོད། ཡིག་གྲངས་ཁྲི250ལྷག་ཡོད།

d783458d63b10ceaf9ca1da2a93d8006

ཆོས་རྒྱལ་སྤྲུལ་སྐུའམ། ད་ལྟ་འཛམ་གླིང་ཤར་ནུབ་ཀུན་ཏུ་ཡོངས་གྲགས་སུ་ནམ་མཁའི་ནོར་བུ་རིན་པོ་ཆེ་ཞེས་ཡོངས་སུ་གྲགས་པ་འདི་ཉིད། སྐུ་ན་ཆུང་དུས་ནས།ས་སྐྱའི་འཇམ་དབྱངས་བློ་གཏེར་དབང་པོ་དང་། བཀའ་བརྒྱུད་པའི་འབྲུག་ངག་དབང་རྣམ་རྒྱལ། རྙིང་མའི་ཨ་འཛོམ་འབྲུག་པ་སོགས་སྐྱེས་ཆེན་དམ་པ་དུ་མའི་སྐུ་སྐྱེ་ཡིན་པར་གྲགས་ཤིང་། དབོན་སྟོད་མཁྱེན་རབ་དང་། མི་ཉག་གངས་དཀར་རིན་པོ་ཆེ་སོགས་མཁས་གྲུབ་ཀྱི་སྐྱེས་བུ་དུ་མ་བསྟེན་ནས་གྲུབ་མཐའ་རིས་མེད་ཀྱི་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་རྒྱ་ཆེན་པོ་ལ་ཐོས་བསམ་ལྷུར་ལེན་ཅིང་། དེ་བཞིན་དབང་ལུང་ཁྲིད་གསུམ་གྱི་སྨིན་གྲོལ་གྱི་བདུད་རྩིས་ཐུགས་རྒྱུད་ཡོངས་སུ་གཏམས། བྱེ་བྲག་ཏུ་རྫོགས་ཆེན་གྱི་རྣལ་འབྱོར་པ་ཉག་བླ་བྱང་ཆུབ་རྡོ་རྗེ་ལས་རྫོགས་ཆེན་ཟབ་དགུའི་གདམས་པ་མཐའ་དག་བུམ་པ་གང་བྱོས་ཀྱི་ཚུལ་དུ་བསྟབས་ཏེ།རིག་པ་ཡེ་ཤེས་ཀྱི་རང་ཞལ་མཇལ། རིག་གསང་ཆོས་ཉིད་ཀྱི་དོན་རྟོགས། རིག་རྩལ་རྟེན་འབྲེལ་གྱི་སྒོ་ཕྱེ་སྟེ།ཤེས་རིག་མཐའ་དག་ལ་རྩོལ་བ་མ་དགོས་པར་མཁྱེན་པ་ཕྱོགས་མེད་དུ་རྒྱས།

སྐད་ཡིག་ཙམ་ལ་ཆ་མཚོན་ནའང་ཁོང་ནི་དབྱི་ཏ་ལི་དང་། དབྱིན་ཇི། རྒྱ་དཀར་ནག སོག འབར་མ་སོགས་ཆགས་ཐོགས་མེད་པར་མཁྱེན་པ་དང་། བན་བོན་གྱི་གཞུང་ཁག་ཅིག་དབྱིན་དབྱིའི་ཡི་གེར་བསྒྱུར་ཏེ་དཔེ་སྐྲུན་བྱས། ཕྱི་རྒྱལ་དུ་བཞུགས་པའི་སྐབས་སུ་བོད་ཀྱི་རིག་གཞུང་མཐའ་དག་ལ་ཞིབ་འཇུག་དང་ཁྱབ་སྤེལ་གྱི་མཛད་པ་བསྐྱངས་ཤིང་། ཡོ་རོབ་དང་། ཨ་རི་སོགས་སུ་ཞང་ཞུང་ཞིབ་འཇུག་ཁང་དང་། རྫོགས་ཆེན་འདུས་སྡེ་སོགས་མང་ལ་གྲྭ་དག་པ་བཙུགས་པ་དང་། གདུལ་བྱ་རང་རང་གི་སྐལ་བ་དང་འཚམ་པར། མ་ཀི་ཉན་ཐོས་ཐེག་པ་ནས། ཡ་ཀི་རྫོགས་པ་ཆེན་པོའི་བར་གྱི་ཆོས་འཆད་ཁྲིད་ཀྱིས་འཁོར་སློབ་སྐར་ཚོགས་ལྟར་གྲངས་མང་བསྐྱངས། གཟི་ཡི་ཕྲེང་བ་དང་། ནོར་བུའི་དོ་ཤལ།བྱང་འབྲོག་ལམ་ཡིག་སོགས་བོད་ཀྱི་ལོ་རྒྱུས་དང་། རྩ་བའི་གོམས་གཤིས། རིག་གནས་སོགས་ངོ་སྤྲོད་བྱེད་པའི་དཔེ་དེབ་ཁག་དང་། ཡནྟྲ་ཡོ་ག་སོགས་ཐུན་མིན་གྱི་ཉམས་ལེན་དང་འབྲེལ་ཁྲིད་ཡིག་བཅས་བོད་ཡིག་གི་ལྗགས་རྩོམ་སྣ་ཚོགས་མཛད་དང་མཛད་མུས། དེ་བཞིན་དབྱིན་ཡིག་དང་། དབྱི་ཏ་ལིའི་སྐད་ཡིག་ཐོག་བརྩམས་གནང་བ་ནི་ཤིན་ཏུ་མང་།7fcb44d2ddc93ba10e13ee7eeea5a63a

འདས་པའི་ལོ་མང་པོའི་རིང་ལ་རང་གི་ཕ་ཡུལ་གངས་ཅན་བོད་ཀྱི་ཡུལ་དུ་སློབ་གྲྭ་དང་། སྨན་ཁང་སོགས་གསར་འཛུགས་དང་བསྐྱར་གསོ་མཛད་པ་ལྷུར་བཞེས་གནང་ནས། སྒེར་གྱི་རྙེད་བཀུར་དང་། གདན་སའི་རྣམ་དཔྱོད་ཀྱི་འདུ་འགོད་མི་མཛད་པ་དང་། ཉེ་བའི་ལོ་ཤས་རིང་། བོད་ཀྱི་གླུ་གཞས་བྲོ་གར་སོགས་ལའང་མཐོང་ཆེན་མཛད་དེ་ཁོང་གི་ཕྱི་རྒྱལ་གྱི་སློབ་མའི་ཚོགས་ལ་ཁྲིད་སྤེལ་གནང་ནས་བོད་ཀྱི་དམངས་ཁྲོད་ཀྱི་རིག་གནས་དར་ཁྱབ་ཡོང་བ་ལ་ཕན་ཐོགས་རྒྱ་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་པ་སོགས་ཁོང་གི་མཛད་ཕྱོགས་སྐོར་རགས་ཙམ་བཀོད་པ་ལགས་སོ། །

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།