བོན་གྱི་རྣམ་གྲངས་དང་ཞང་བོད་སྐད་གཉིས་ཤན་སྦྱར་པར་དུ་བསྐྲུན་པ།

བོན་གྱི་རྣམ་གྲངས་དང་ཞང་བོད་སྐད་གཉིས་ཤན་སྦྱར་པར་དུ་བསྐྲུན་པ།

རྩོམ་པ་པོ། འགྲུ་བཙུན་ལེགས་བཤད་རྒྱ་མཚོ།

འགྲུ་བཙུན་ལེགས་བཤད་རྒྱ་མཚོས་བསྒྲིགས་པའི་བོན་གྱི་རྣམ་གྲངས་དང་ཞང་བོད་སྐད་གཉིས་ཤར་སྦྱར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ།
83f2650ae2fe38ceaad8b34df26b72f8
བོན་གྱི་རྣམ་གྲངས་ཀྱི་སྔོན་འགྲོའི་གཏམ།

   དེང་སྐབས་འཛམ་གླིང་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་བོད་དང་བོན་རིག་པར་ཞིབ་འཇུག་གནང་མཁན་གང་མང་ཞིག་བྱོན་ནས། ཁོང་ཚོས་དེའི་ཕྱོགས་ཀྱི་ལྗགས་རྩོམ་ཡང་མི་ཉུང་བ་ཞིག་ཀློག་པ་པོ་རྣམས་ཀྱི་གཟིགས་འཛིན་དབང་པོ་གཡོ་བའི་འབབ་སྟེགས་སུ་བཀྲམ་ཟིན་པ་ནི་རླབས་ཆེ་བའི་བྱ་བཞག་ཅིག་ཏུ་འཁུམས། དེ་མཚུངས་བོན་པོ་རྣམས་ཀྱིས་ཀྱང་རང་རང་སོ་སོའིཐད་ནས་བསླབ་པ་སློབ་གཉེར་ཕྱོགས་ལ་འབད་ཀྱིན་པའང་དགའ་བའི་གནས་སུ་གྱུར་ཡོད། སློབ་གཉེར་ཕྱོགས་ཀྱི་དཔེ་ཆའང་སྔར་དང་བསྡུར་ན་མང་པོ་ཞིག་མཆིས་པས་སྔར་ལས་སྟབས་བདེ་བོ་ཞིག་ཆགས་ཡོད། ཡིན་ནའང་ཞྭ་དཀར་བསྟན་པའི་རྗེས་འཇུག་བློ་གསར་དོན་གཉེར་ཚོར་དེ་སྔ་བོན་པོའིཕྱོགས་ཀྱི་རྣམ་གྲངས་ཕྱོགས་གཅིག་ཏུ་བསྒྲིགས་ཡོད་པ་དང་། འཚོལ་སྟངས་སྟབས་བདེ་པོ།དེང་རབས་ཀྱི་བསྒྲིགས་སྲོལ་དང་འཚམས་པ་ཞིག་ཅུང་ཙམ་དཀོན་པས་བོན་གྱི་རྣམ་གྲངས་དོན་གཉེར་སྐོར་ལ་རེ་བ་ཇི་བཞིན་སྐོང་མི་ཐུབ་པ་ནི་ཚང་མས་མཁྱེན་གསལ་ལྟར་རོ།།


དེར་བརྟེན་ཕྲན་གྱིས་འདི་འདྲ་བ་ཞིག་བསྒྲིགས་ཁུལ་བྱེད་དགོས་པའི་རྒྱུ་མཚན་ནི།བགྲང་བྱ་དུ་མའི་རིང་བོན་གཞུང་ལ་དཔེ་བལྟས་བྱེད་ཁུལ་སྐབས་རྣམ་གྲངས་ཀྱི་ཐ་སྙད་དང་། ཡང་ན་གྲངས་འདྲེན་སོགས་གང་མང་ཞིག་ལ་འཕྲད་མྱོང་ཡང་། ལ་ལ་ཞིག་ཐ་སྙད་ཙམ་ལས་གྲངས་འདྲེན་མེད་པ་དང་། ཁ་ཤས་ནི་ཡོད་ཀྱང་ཉིན་ཞག་འགའ་ཙམ་འགོར་རྗེས་བརྗེད་ངེས་ཀྱི་རྐུན་པོས་ཁྱེར་འགྲོ་བས། རྗེས་སོར་འཚོལ་དགོས་སྐབས་དཔེ་ཁུངས་གང་ཞིག་ཏུ་འཚོལ་བའམ་བལྟ་དགོས་པ་མི་ཤེས་པར་བརྟེན་ཕྲན་དཀའ་ངལ་མང་ཙམ་ལ་འཕྲད་པ་དང་གཅིག ཁྱད་པར་དུ་བཀའ་དྲིན་སངས་རྒྱས་ལས་ལྷག་པའི་རང་གི་དྲིན་ཆེན་རྩ་བའི་བླ་མ་གྲུབ་ཆེན་བོན་བློན་རིན་པོ་ཆེ་དང་། ཆོས་འཇིག་རྟེན་གཉིས་ཀར་མཁས་པའི་རང་གི་སློབ་དཔོན་ཆེན་མོ་ཨ་སྐལ་ལགས། མཁན་པོ་ཀུན་གྲོལ་རྒྱ་མཚོ་སོགས་ཀྱིས་བོན་གྱི་རྣམ་གྲངས་ཟེར་བ་ཞིག་གུང་བསྒྲིགས་བྱེད་ན་ཕན་ཐོགས་ཆེ་ཙམ་ལྡན་ཚུལ་གྱི་བཀའ་ལུང་སྤྱི་བོར་ཕེབས་བྱུང་བ་དང་གཉིས། གཞན་གཡུང་དྲུང་བོན་གྱི་དགོན་སྡེ་ཁག་གི་གྲྭ་བ་ཤེས་ཡོན་ཅན་དང་། ཕུགས་བསམ་ལྡན་པ། མཐོང་རྒྱ་ཆེ་བ། བོན་གྱི་རྣམ་གྲངས་དོན་གཉེར་བ་སོགས་མི་ཉུང་བ་ཞིག་གིས་བོན་པོ་ཚོར་ཆོས་ཀྱི་རྣམ་གྲངས་ལྟ་བུ་ཞིག་ཡོད་ན་ཅི་མ་རུང་སྙམ་པའི་དགོངས་འཆར་དུ་མ་གསུང་གནང་བ་དང་བཅས། དེ་ལྟ་བུའི་རྒྱུ་རྐྱེན་རྣམ་གསུམ་གྱིས་བསྐུལ་ཏེ་ཕྲན་གྱིས་བསྒྲིག་འདུན་དམ་བཅའི་རི་མོ་སྙིང་ལ་བྲིས་ཤིང་། བོད་འབྱུང་རྒྱལ་ཤིང་ཁྱིའི༼སྤྱི་ལོ་༡༩༩༤།༽གནམ་ལོ་གསར་དུ་བཞད་པ་ནས་འགོ་བརྩམས་ལར་ཕྲན་ལ་རྒྱུ་རྐྱེན་སྣ་ཚོགས་དབང་གིས་ཁོམ་ལོང་ཆེར་མེད་ཀྱང་། བརྩོན་པ་ཅུང་ཟད་བགྱི་ཁུལ་གྱིས་ཕལ་ཆེར་ལོ་ངོ་ལྔ་དྲུག་རིང་། ཞར་ཞོར་རམ་ནམ་ཁོམ་དུས་མ་བཞག་པར་ངལ་བ་སྤངས་ཏེ་བསྒྲིགས། སྐབས་འགར་ཟླ་བ་ཁ་ཤས་རེ་ཆེད་བསྡད་ཀྱིས་འབྲི་བསྒྲིགས་ཁུལ་བྱས། བྲིས་པ་རྣམས་ལ་ལེགས་བཅོས་ཞུས་དག་དང་། གསལ་འདོན་ཁ་སྐོང་སོགས་ཐེངས་མང་བགྱིས་པར་མ་ཟད་སྨན་མིང་འཛིན་པ་རང་གི་ཕུ་བོ་ལྕགས་པོ་འབྲུག་གིས་ཀྱང་མ་ཕྱི་རྣམས་དབུ་ཅན་དུ་ཕབ་རོགས་གང་མང་བགྱིས་མཐར། བོད་འབྱུང་རྒྱལ་ས་ཡོས་ཏེ་སྤྱི་ལོ་༡༩༩༩ལོའིཡིད་སྲུབས་ཟླ་བའི་དཀར་ཕྱོགས་རྒྱལ་བ་གསུམ་པའི་ཚེས་ལ་ད་གཟོད་མཇུག་གྲུབ་ཙམ་བྱུང་མོད། རྒྱུ་རྐྱེན་དུ་མའི་དབང་གིས་ལོ་ངོ་ལྔ་དྲུག་རིང་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་དུ་ལུས།
དེ་དུས་གཞན་ཕན་གྱི་ལྷག་བསམ་དཀར་བའི་རང་དགོན་གྱི་མཁན་པོ་ཚེ་དབང་རིག་འཛིན་མཆོག་གིས་རྩིས་འཁོར་གཡར་གནང་བྱུང་བ་དང་གཅིག ཚོང་རམས་པ་རྣམ་རྒྱལ་ཚེ་རིང་གིས་སྦྱིན་བདག་གི་གཙོར་བྱས། གཞན་རང་དགོན་གྱི་བླ་གྲྭ་རྣམས་དང་། མཐེ་ཁོག་བོན་དགོན་ཁག་གི་གཡུང་དྲུང་སྤུན་གྲོགས་ཡོངས། ལས་བྱེད་པ་བཅས་ཀྱི་རྒྱབ་སྐྱོར་འོག་བོན་གྱི་རྣམ་གྲངས་དེ་ཉིད་སྤྱི་ལོ༼༢༠༠༦༽ལོར་ལན་ཀྲུའུ་རུ་པར་ཐེངས་དང་པོ་དེ་པར་དུ་བསྐྲུན་ཐུབ་བྱུང་། ཡིན་ནའང་ལོ་ངོ་གཅིག་གཉིས་རིང་ལ་སྔར་པར་དུ་བཏབ་པའི་དཔེ་ཆའི་གྲངས་ཀས་མ་འདངས་བས་ཡུལ་ཕྱོགས་དུ་མ་ནས་ད་རུང་ཡོད་མེད་དང། དགོས་གལ་ཆེ་འདུག་ཅེས་རེ་བ་ཡང་ཡང་འདོན་གྱིན་ཡོད་པ་དང་། ལ་ལས་ད་རུང་པར་དུ་འདེབས་དགོས་ཚུལ་གྱི་དགོངས་འཆར་ཡང་གསུངས་པ་བཅས་ཀྱིས་སྔར་གྱི་ཐོག་ཏུ་ཁ་སྐོང་དང་།ཟུར་བཀོད་སོགས་བསྣན་ཏེ་ཡང་བསྐྱར་ཐེངས་ཤིག་མི་དཔར་ཐབས་མེད་དུ་གྱུར། དེས་ན་ཕྲན་གྱིས་འདི་ནས་ད་ཐེངས་དེབ་འདི་ཉིད་ཀྱི་མགོ་མཇུག་བར་གསུམ་ཀུན་ལ་རོགས་སྐྱོར་གནང་མཁན་རྣམས་དང་། ཞུ་དག་བྱེད་རོགས་རང་དགོན་གྱི་ཡོངས་འཛིན་གཡུང་དྲུང་བསྟན་འཛིན་དང་། མཁན་པོ་ཚེ་དབང་རིག་འཛིན་རྣམ་གཉིས། གཞན་དཔེ་བསྐྲུན་གྱི་མ་དངུལ་ལ་རྒྱབ་སྐྱོར་གནང་མཁན་རྒྱ་ནག་ཧྲང་ཧེ་ཡུལ་གྱི་ལེས་ཞིས་ཨན(上海灵溪实业有限公司董事长、林夕爱)བཅས་ལ་དྲི་མེད་ཀྱི་ལྷ་རྫས་དཀར་པོ་ཞིག་གི་ཚུལ་དུ་ལག་ཟུང་གིས་ཐལ་མོ་སྦྱར་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུའོ།།
བསྡུ་སྒྲིག་བྱེད་སའི་དཔེ་ཁུངས་གཙོ་བོ་ནི། མདོ་དྲི་མེད་གཟི་བརྗིད་དང་། མདོ་གཟེར་མིག དྲན་པའི་བཀའ་ཐང་། རྗེ་མཉམ་མེད་རིན་པོ་ཆེའི་གསུང་འབུམ། གྲུབ་དབང་ཤར་རྫ་བའི་གསུང་འབུམ། གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས། གཞན་བོན་གྱི་མཁས་གྲུབ་རིམ་བྱོན་གྱིས་མཛད་པའི་ལྗགས་རྩོམ་ལོ་རྒྱུས་དང་། མདོ་སྔགས་རྫོགས་གསུམ། རྩིས་དཀར་ནག འདོན་ཆོག་སྐོར་བཅས་ལས་རྣམ་གྲངས་སྐོར་མིག་ལམ་དུ་མཐོང་ཚད་ཕྱོགས་གཅིག་ཏུ་བཏུས་ཏེ་བསྒྲིགས་པ་ལགས།
འོན་ཀྱང་ཕྲན་ནི་ཡོན་ཚད་དམན་པ་དང་། ལྟ་རྒྱ་དང་། ཐོས་རྒྱ་ཁབ་མིག་ལས་ཀྱང་ཕྲ་བའི་ཁར་ཕྱི་ནང་གི་རྐྱེན་སྣ་ཚོགས་ཀྱིས་ཅུང་བྲེལ་བ་དང་། བསྒྲིགས་པའི་དུས་ཡུན་ཐུང་བ་སོགས་ཀྱི་དབང་གིས་ཁ་མི་ཚང་བའམ། གུང་བསྒྲིགས་འཆོལ་བ་སོགས་ཀྱི་ཉེས་སྐྱོན་འབྱུང་སྲིད་པས་བྱིས་སྐྱོན་མ་ཡིས་བསྲིངས་པ་ཇི་བཞིན་དེབ་འདིར་མཁས་དབང་རྣམས་ཀྱིས་སྐྱོན་སེལ་ལེགས་ཆའི་སློབ་སྟོན་སྦས་མེད་ལྷུག་སྩོལ་ཡོང་བར་འདུན་པ་ཆེའོ།།

ཞེས་སྒྲིག་པ་པོ་ལེགས་བཤད་རྒྱ་མཚོས་སྤྱི་ལོ་༢༠༡༥ལོའིཧོར་ཟླ༢པའི་ཚེས༢༠ཉིན་ལ་པར་གཞི་རྗེས་མའི་ཚུལ་དུ་ཡང་བསྐྱར་དུ་བྲིས་པའོ། །

ཞང་བོད་སྐད་གཉིས་ཤན་སྦྱར་གྱི་སྔོན་འགྲོའི་གཏམ།

   རྒྱལ་ཁབ་བམ་མི་རིགས་གང་ཡང་རུང་བ་ཚང་མས་རང་རང་གི་རིག་གནས་ལོ་རྒྱུས་ཤུལ་འཛིན་དང་། གནའ་རབས་ཡིག་ཆ་མྱུར་སྐྱོབ་དང་སྔོན་མེད་གསར་གཏོད་དར་སྤེལ་སོགས་ཀྱི་ལས་ལ་འབད་ཀྱིན་ཡོད་པ་རེད། མེས་རྒྱལ་གྱི་ཁྱིམ་གཞི་ཆེན་པོར་འཚོ་ཞིང་བཞེས་པའི་བོད་རིགས་ལ་མཚོན་ནའང་ཚུལ་དེ་ལས་མ་འདས་མོད། ཡ་ཐོག་བོད་གྱི་ཤེས་རིག་གི་འབྱུང་ཁུངས་ཏེ་ཞང་ཞུང་སྐད་ཡིག་ལ་དེ་སྔ་ཕྱོགས་འཛིན་ལྟ་བས་དོ་སྣང་དེ་འདྲ་མེད་པས། ད་བར་སྲོང་བཙན་ཡར་སྔོན་དུ་དར་བའི་ཞང་ཞུང་བོན་གྱི་ཤེས་རིག་ལ་མང་ཆེ་ཤོས་རྒྱུས་མེད་པའམ་གླེང་རིན་མེད་པ་ལྟ་བུའི་ངན་གོམས་ཤིག་ཆགས་འདུག དེང་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་རིས་མེད་ཀྱི་མཁས་དབང་དུ་མ་ཞིག་བྱོན་ཏེ་གོང་གི་ཕྱོགས་ཞེན་གྱི་ལྟ་བ་ལས་རིང་དུ་བརྒལ་ཏེ། བོད་གནའ་རབས་ཞང་ཞུང་གི་ཤེས་རིག་ཞིབ་འཇུག་དང་འཚོལ་སྡུད། མྱུར་སྐྱོབ་སོགས་གནང་སྟེ་ཁོང་ཚོས་རིས་མེད་ཀྱི་ལྗགས་རྩོམ་ཡང་མི་ཉུང་བ་ཞིག་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བཀྲམས་ཟིན་པས། བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་དུས་ཡུན་རིང་དུ་བསྲིངས་པར་མ་ཟད་སྔ་ན་མེད་པའི་ཁ་སྐོང་དང་ཕུན་སུམ་ཇེ་ཚོགས་སུ་བཏང་།
འོ་ན་གནའ་བོའིཞང་ཞུང་ནི་སྟོབས་འབྱོར་མངའ་ཐང་དར་རྒྱས་ཆེ་བའི་ཡུལ་ཁམས་ཤིག་དང་། ལོ་རྒྱུས་ཀྱི་དུས་ཡུན་ཧ་ཅང་རིང་བའི་གནའ་བོའིརྒྱལ་ཁབ་ཅིག་རེད། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་མ་བྱོན་གོང་ཞང་ཞུང་རྒྱལ་རབས་དང་སྐད་ཡིག་ཡོད་པ་རེད། ཞང་ཞུང་རྟག་གཟིགས་འོལ་མོ་ལུང་རིང་དུ་བོན་སྟོན་གཤེན་རབ་མི་བོ་བྱོན་ནས་ད་བར་མི་ལོ་སུམ་སྟོང་དགུ་བརྒྱ་ལྷག་ཙམ་སོང་ཞིང་། ༼བོན་ལུགས་ཀྱི་བཤད་སྲོལ་ལ་ད་བར་མི་ལོ་ཆིག་ཁྲི་བརྒྱད་སྟོང་ཙམ་སོང་ཟེར།༽ཞང་ཞུང་གི་ཁྲི་སྡེ་བཅོ་བརྒྱད་གཙོས་པའི་ཡུལ་ཆེན་བཅོ་བརྒྱད་ལ་མངའ་དབང་བསྒྱུར་བའི་ཞང་ཞུང་གི་རྒྱལ་པོ་བྱ་རུ་ཐོགས་པ་བཅོ་བརྒྱད་སོགས་བྱོན་མྱོང་ཞིང་། ཡུལ་གྱི་ལྟེ་བ་ནི་དེང་གི་མངའ་རིས་གུ་གེ་དང་ཁྱུང་ལུང་ཟེར་བ་ཡིན་པ་བོན་གྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་གསལ། ཞང་ཞུང་སྐད་རིགས་ལ་མང་ཡང་བསྡུ་ན་སྒོ་ཕུག་བར་གསུམ་གྱི་སྐད་དང་། འདིར་བསྟན་སྐད་ནི་ཞང་ཞུང་སྒོ་བའི་སྐད་དེ་བསྐལ་བཟང་སྒྲ་བླ་ལས་མཆེད་པའི་ཞང་ཞུང་སྨར་གྱི་སྐད་དོད་ཡིན། ཞང་ཞུང་གི་ཡི་གེ་ནི་སྨར་ཡིག་ཆེ་ཆུང་དང་གཞན་ཡིག་རྒན་ཞེས་པའང་ཡོད་སྐད་འདུག
དེ་ལྟའི་གནའ་དུས་ཞང་ཞུང་ནི་སྟོབས་འབྱོར་མངའ་ཐང་ཤེས་རིག་སོགས་དར་རྒྱས་ཆེ་བའི་རྒྱལ་ཕྲན་ཅིག་ཡིན་པ་སྨོས་མ་དགོས་ཀྱང་། འཇིག་རྟེན་གཏམ་དཔེར་སྐྱེ་མཐའ་འཆི། དར་མཐའ་རྒུད་ཅེས་པའི་དཔེ་ལྟར་ཞང་རྒྱལ་ཐ་མ་ལིག་མི་རྐྱ་སུམ་པར་བགྲོད་པའི་ལམ་བར། བོད་རྒྱལ་ཁྲི་སྲོང་གི་སྐབས་ཞང་ཞུང་བོད་ཀྱི་མངའ་འོག་ཏུ་བསྡུས་ཏེ་ཞང་བོད་གཅིག་གྱུར་བྱུང་། ཉིན་དེ་ནས་བཟུང་ཞང་ཞུང་གི་སྟོབས་འབྱོར་མངའ་ཐང་དེ་ཉིན་བཞིན་ཉམས་རྒུད་དུ་འགྲོ་བ་དང་། བོད་ཀྱི་སྟོབས་འབྱོར་མངའ་ཐང་དེ་ཉིན་བཞིན་ཡར་རྒྱས་བྱུང་བས་ད་ལྟ་ཞང་ཞུང་གི་རྒྱལ་ས་དང་མཁར་རྫོང་སོགས་མིང་གི་ཤུལ་ཙམ་ལས་ལྷག་མི་འདུག་ཀྱང་སྐད་དང་ཡི་གེ་སོགས་གཏན་ནས་ཡལ་མེད་པ། དེང་སྦིལ་ཏི་དང་། ཁུ་ནུ་སོགས་མཐའ་མཚམས་དང་། པར་ཀི་སི་ཐན། ཁ་ཆེ་སོགས་ས་ཁོངས་ཁ་ཤས་སུ་ཞང་ཞུང་གི་ཡུལ་སྐད་མང་པོ་འདྲེས་ཡོད་པའམ་ཟུར་ཆག་པ་ཞིབ་ཏུ་བརྟགས་ན་ཤེས་ཞེས་བཤད་སྲོལ་འདུག ཞང་ཞུང་སྨར་ཡིག་ཆེ་ཆུང་གི་ཡི་གེའི་གཟུགས་རིས་ཀྱང་མཐོང་ཆོས་སུ་ཡོད་པ་མ་ཟད། ཞང་ཞུང་ལུགས་ཀྱི་འབྲེལ་སྒྲའི་ཕྲད་དང་ལ་དོན་རྣམ་དབྱེ་སོགས་ཀྱང་སྦྱར་ཡོད། དེ་ལྟར་ཞང་ཞུང་ནི་དུས་འགྱུར་དབང་གིས་འཇིག་སོང་བས་ད་ཆ་ཞང་ཞུང་གི་སྒྲ་སྐད་ལ་ཞིབ་འཇུག་བྱེད་ན་དཔྱད་གཞིའི་ཡིག་རིགས་དཀོན་པ་དང་། ལ་ལ་ཞིག་ནི་ཡིད་རྟོན་བྱེད་དཀའ་སྟེ། དཔེར་ན། རྐོ་དང་། སྐོ་ལྟ་བུ་བོད་སྐད་དུ་དེ་གཉིས་ཀ་སྐུ་ལུས་ལ་འཇུག་པ་དང་། རྒྱེལ་དང་སྐྱེལ་ལྟ་བུ་ཡང་གཉི་ག་ལྕེ་ལ་འཇུག་པ་སོགས་གང་དག་མིན་ཐག་ཆོད་དཀའ་བར་བརྟེན། གནས་སྐབས་དེ་རིགས་རྣམས་དེབ་ཆུང་འདིར་བཏང་སྙོམས་སུ་བཞག་ཡོད་པས་བཟོད་བསྒོམ་མཛོད་ཅེས་ཆེད་དུ་ཞུས་པའོ།།
གཞན་བོན་གཞུང་དུ་རྒྱུགས་ཆེ་བའི་སཾ་སྐད་འགའ་ཞིག་དང་ཐ་སྙད་རྙིང་གྲས་ཁ་ཤས་རེའང་བཀོད་ཡོད། ཡིད་ཕངས་པ་ཞིག་ལ་སེ་ཤ་རི་དབུ་ཆེན་གྱིས་མཛད་པའི༼ཤ་རི་སྒྲ་མདོ།༽ཞེས་པ་ཞང་སྐད་ཐོག་ནས་ཞིབ་འཇུག་བྱ་རྒྱུའི་གཞུང་གལ་ཆེན་ཞིག་ཡོད་ཅེས་གྲགས་ཀྱང་ལག་སོན་མ་བྱུང་བ་དེ་རེད། འདིར་ཞང་ཞུང་སྨར་གྱི་སྐད་དང་སྤུར་རྒྱལ་བོད་ཀྱི་སྐད་གཉིས་ཤན་སྦྱར་དུ་བཀོད་པའི་དེབ་ཆུང༼ཞང་བོད་སྐད་གཉིས་ཤན་སྦྱར།༽ཞེས་པ་གཙོ་བོ་ཞང་ཞུང་བོན་དང་ཡ་ཐོག་བོད་ཀྱི་ཤེས་རིག་ཞིབ་འཇུག་གནང་མཁན་ཚོར་ཉེར་མཁོའིལག་ཆ་ལྟ་བུར་མཐོང་སྟེ། ཐོས་ཆུང་གིས་བོན་གྱི་མཁས་དབང་ཞུ་ཡས་ཞི་མ་གྲགས་པས་མཛད་པའི༼ཞང་ཞུང་སྒྲ་བསྒྱུར་ཆེན་མོ།༽ གཙོར་བྱས་ཏེ། བོན་གྱི་འདོན་ཆོག་སྐོར་དང་གཞུང་དཔེ་ཁག་ལས་བསྡུས་ཤིང་འཚོལ་བདེ་བའི་ཕྱིར་དེང་རབས་ཀྱི་སྒྲིག་སྲོལ་གཞིར་བཟུང་སྟེ་ཀ་ཁའི་གོ་རིམ་ལྟར་རྩོམ་སྒྲིག་བྱེད་ཁུལ་དུ་བགྱིས་པ་ལགས་ཀྱང་། ཐོས་ཆུང་ཡོན་ཚད་དམན་པས་སྐྱོན་དང་ནོར་འཁྲུལ་ཡོད་ངེས་པས་ཤེས་ནས་སྨྲ་བ་རྣམས་ཀྱིས་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་ལྷུག་སྩོལ་གནང་བར་ཐུགས་རྗེ་ཆེ་ཞུའོ།།

ཞེས་ལེགས་ལུང་གཙོ་ཚང་དགོན་གསང་སྔགས་སྨིན་གྲོལ་དར་རྒྱས་གླིང་གི་ཕྲན་ལེགས་བཤད་རྒྱ་མཚོས་སྤྱི་ལོ༢༠༠༦ལོའིཧོར་ཟླ༥བའི་ཚེས་༢༦ལ་ལན་ཀྲུའུ་གྲོང་ཁྱེར་དུ་བྲིས་པའོ།།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།