༧ཤར་རྫའི་རྒྱལ་ཚབ་རིན་པོ་ཆེ་ནས་བཀའ་དབང་ཟབ་རྒྱས་བསྩལ་བ།

122
༧ཀུན་མཁྱེན་ཤར་རྫ་བའི་རྗེས་འཛིན་གསུམ་པ་༧མཁན་ཆེན་འཇིགས་མེད་རིག་པའི་དབང་ཕྱུག་མཆོག་གིས་ཕྱི་ནང་གསང་བའི་དབང་མཆོག་གནང་བའི་ངོ་མཚར་འཕྲིན་ལས་སྟོང་གི་གཟི་འོད།

ད་རེས་བསྐལ་བཟང་སྒྲོན་མ་ཅན་གྱི་དུས་བཟང་པོ། སྐུ་གསུང་ཐུགས་རྟེན་འཛམ་པའི་གླིང་བཟང་པོ། ལོ་ཟླ་གཟའ་སྐར་དར་བའི་ཚེས་བཟང་པོ་སྟེ། སྤྱི་ལོ༢༠༡༦ལོའི་ཟླ་བ༣ཚེས༡༡དང་། མེ་སྤྲེལ་ལོའི་ཟླ་བ་གཉིས་པའི་ཚེས་གསུམ་གྱི་ཉིན། ཁ་བ་གངས་ཅན་པའི་ཡུལ་གྲུ། མདོ་སྨད་རྔུལ་རྫ་སྒང་གི་རི་རྒྱུད་གྱེར་ཟ་གཡུང་དྲུང་ལྷུན་པོའི་མདུན་ཞོལ། ཆེས་སྙིགས་མའི་དུས་ཀྱི་མཐའ་འདིར་འཁོར་ལོ་གསུམ་གྱི་འཕྲིན་ལས་ལ་བརྟེན་ནས་འཕྲུལ་ངག་བསྟན་པའི་ཀ་ཆེན་གཞིར་བཞེངས་སུ་བསླངས་པའི་སྙིགས་དུས་ཀྱི་འདྲེན་པ་ཆེན་པོ་༧དཔལ་རྒྱལ་དབང་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་མཆོག་གི་གདན་ས་ཤར་རྫ་རི་ཁྲོད་དགེ་ཐང་པད་མ་རྒྱས་པའི་དགའ་ཚལ་དུ།

133

མཁས་བཙུན་བཟང་པོའི་ཡོན་ཏན་མཆོག་ཏུ་མངའ་ཞིང་། ཐུགས་རྒྱུད་བོན་ལ་འབྱོངས་པའི་ཀུན་སྤངས་ཀྱི་སེམས་དཔའ་ཆེན་པོ་༧འཇིགས་མེད་རིག་པའི་དབང་ཕྱུག་དཔལ་བཟང་པོ་ནས། ཞྭ་དཀར་བསྟན་པའི་ས་བོན་མི་ཉམས་རྒྱུན་མཐར་གནས་པའི་བརྒྱུད་པ་འཛིན་པ་ལ་སྤང་བསྒྱུར་གྲོལ་གསུམ་གྱི་བོན་ལ་འཆད་ཉན་སྒོམ་སྒྲུབ་རེ་དང་། ཟབ་མོ་དབང་ལུང་གི་བརྒྱུད་པ་ཚད་ལྡན་རེ་སྤེལ་རྒྱུར་རག་ལས་པར་དགོངས་ཏེ།

144 155

ཐོག་མར་བླ་མ་དམ་པ་རྣམས་ཀྱི་མདུན་ནས་སྨིན་གྲོལ་གྱི་གདམས་པ་རྣམས་ཚུལ་བཞིན་ཉམས་བཞེས་མཛད་ཅིང་། བར་དུ་ཐུགས་དམ་གྱི་མཐིལ་དུ་མཛད་དེ་ཉམས་སུ་བླངས། མཐའ་མར་བསྟན་པའི་རྒྱུན་མཐའ་ལ་ཐུགས་བསམ་བཞེས་ཏེ་དུས་ཐོག་གཅིག་ཏུ་ཕྱི་ནང་གསང་བའི་དབང་མཆོག་ཟབ་མོ་སྟེ་ཕྱི་རྒྱུད་ཆོ་གའི་སྐོར་གྱི་དབང་བསྐུར་དང་འབྲེལ་མདོ་འདུལ་བའི་བསླབ་བྱ་གང་མཚམས་གནང་བ་དང་། ནང་རྒྱུད་གསང་སྔགས་སྐོར་གྱི་དབང་བསྐུར་དང་འབྲེལ་གསང་སྔགས་བསྐྱེད་རྫོགས་དམ་ཚིག་གི་གཞི་ལ་གནས་དགོས་ཚུལ་དང་། གསང་རྒྱུད་སེམས་ཕྱོགས་སྐོར་གྱི་དབང་བསྐུར་དང་འབྲེལ་བར་ངེས་གསང་རྫོགས་པ་ཆེན་པོའི་ཉམས་ལེན་གྱི་གདམས་ངག་དམར་ལ་ཟབ་པ་གནང་ཞིང་། དབང་གི་བརྡ་དོན་སྤྲོད་པ་བཅས་དབང་མཆོག་ཆུ་བོ་བཞིས་མཚོན་པའི་སྒྲུབ་པ་བཞི་བཅུ་ཞེ་བདུན་ཙམ་གྱི་དབང་ཆེན་གནང་བའི་བཀའ་དྲིན་བླ་ལྷག་ཏུ་བསྩལ།

166

དེ་ཡང་བླ་སློབ་ཡོངས་རྫོགས་བྲེལ་རྟབ་ངང་དབང་རྐྱང་འདོན་བསྐུར་ཙམ་མ་ཡིན་པར་ཁོང་ཉིད་ཀྱི་རྩ་བའི་བླ་མ་༧མཁས་དབང་བོན་བརྒྱ་རིན་པོ་ཆེའི་ཕྱག་སྲོལ་རྨ་མེད་བཞིན་སྒྲུབ་པ་སོ་སོའི་ཐོག་མར་ཀླད་དོན་གྱི་སྟ་གོན་དབང་དང་། བར་དུ་སྒྲུབ་པའི་གཞུང་བསྲིངས། མཐའ་མར་ཕྱི་ནང་གསང་བའི་དབང་བསྐུར་དང་འབྲེལ་སྤང་བསྒྱུར་གྲོལ་བའི་ཉམས་ལེན་གྱི་བཀའ་སློབ་གནད་ལ་སྨིན་པ་གཟབ་རྒྱས་སུ་བསྩལ་བ་མ་ཟད། རྗེས་བྱ་མཐའ་ཕྱུང་བཅས་སྦྱོར་དངོས་རྗེས་གསུམ་གྱིས་རྒྱས་ཐེབས་པར་མཛད།

188

མདོར་ན་བཀའ་ལ་གཟུ་ལུམ་དང་ར་ཆོད་ཀྱི་སྐྱོན་རྣམས་ཡོངས་སུ་དོར་ནས་བོན་དང་མཐུན་པའི་ཕྱག་སྲོལ་བཟང་པོ་ལྷུར་བླངས་མཛད་པ་དང་། སྐབས་དེར་མདོ་དབུས་ཁམས་གསུམ་གྱི་རི་ཁྲོད་དང་དགོན་སྡེ་ཁག་གང་མང་ཞིག་ནས་ཆེད་དུ་ཕེབས་པའི་བསྟན་བདག་བླ་མ་དང་། དགེ་བཤེས། མཁན་པོ། སྤྲུལ་སྐུ། སྲས་པོ། མཁན་མོ། མཁའ་འགྲོ་མ། སེམས་དཔའ་འདུས་པའི་སྡེ་སྟོང་ལ་ཉེ་བ་ཙམ་གཞིར་བཞག་སྟེང་། གྲངས་ལས་འདས་པའི་སྐྱེ་བོ་ཕོ་མོ་སོགས་སློབ་ཚོགས་རྣམས་ལ་ཉིན་སུམ་ཅུ་སོ་གཉིས་རིང་ལ་དབང་བསྐུར་བོན་འཆད་རྒྱས་གནང་བསྩལ།

177

སྐབས་དེར་ཁོང་གིས་གསུང་རྒྱུར། ད་ལན་བསྐུར་བའི་དབང་འདི་དག་ནི་དབང་གི་བརྒྱུད་པ་ཞིག་གི་གོ་ཆོད་ཟེར་ན་མི་ཆོག་པ་མེད་དེ། གཅིག་ཏུ་བཤེས་གཉེན་བླ་མ་དམ་པ་རྣམས་ཀྱི་དྲུང་ནས་དབང་གི་བརྒྱུད་པ་ཕལ་ཆེ་ལན་གྲངས་མང་ཙམ་རེ་ཚུལ་བཞིན་ནོས་ཤིང་། ལྷག་པར་རྫོགས་པ་ཆེན་པོའི་དབང་ལྟ་བུ་ནི་ཐེངས་བརྒྱད་ཙམ་ཐོབ་ཡོད་པ་དང་། གཉིས་སུ་བླ་སློབ་བར་གྱི་དམ་ཚིག་ལ་སེལ་གང་ཡང་ཞུགས་མ་མྱོང་པ་དང་། གསུམ་དུ་ང་རང་ལ་ཡོན་ཏན་གྱི་ཆ་གང་ཡང་དབེན་ནའང་ཀུན་སློང་རྣམ་པར་དག་པ་ཞིག་གིས་གཞིར་བཟུང་སྟེ་དབང་ཁྲིད་ཀྱི་བརྒྱུད་པ་རྣམས་སྤེལ་ཁུལ་བྱེད་རྒྱུ་ཡིན་ཞེས་གསུངས།

199

ཁྱད་པར་དབང་གི་མཇུག་རྫོགས་ལ་ཉེ་བའི་སྐབས་སུ། དབང་ལུང་ཁྲིད་ཀྱི་བརྒྱུད་པ་སྤེལ་བའི་དབང་ཆ་དེ་རྩ་བའི་བླ་མས་གནང་བ་ཡོད་ནའང་། དབང་ལུང་གཞན་ལ་གནང་ནས་ནོར་རྫས་འབུལ་བ་སྡུད་ཆོག་པའི་གནང་བ་དེ་མེད་པས་ཀུན་གྱིས་དེ་ལྟ་བུའི་འོ་བརྒྱལ་དེ་གཏན་ནས་མ་མཛད་ཅེས་པའི་ཐུགས་རྒྱུད་བོན་དང་འདྲེས་པའི་རྟགས་སུ་འཁུམས་པའི་བཀའ་གསུང་ནན་གྱིས་གནང་། དབང་གི་སྐབས་དེར་བསྟུན་ནས་ཡུལ་ཉེ་རིང་ཀུན་ནས་ཆེད་དུ་ཕེབས་པའི་སློབ་མ་དུམ་གཅིག་གིས་རེ་ཞུས་ལྟར་རབ་ཏུ་བྱུང་བ་ལ་བརྟེན་པའི་སྡོམ་པ་སྡེ་གཙང་གཙུག་དང་དྲང་སྲོང་གི་སྡོམ་པ་འབོག་སྐབས་རབ་བྱུང་བ་བརྒྱ་ཕྲག་གཅིག་ལྷག་ཙམ་བྱུང་བ་དང་། དེ་བཞིན་བསྙེན་གནས་དང་། དགེ་བསྙེན། བྱང་ཆུབ་སེམས་དཔའི་སྡོམ་པ་བཅས་རྒྱས་གནང་བསྩལ་བ་མ་ཟད། སངས་རྒྱས་བསྟན་པའི་ལུས་ཡོངས་སུ་རྫོགས་པ་ནི་སྡོམ་པ་གསུམ་གྱི་གཞིར་འདུས་པ་དང་། སློབ་མ་སུ་ཡིན་ཡང་རང་རང་གི་སྡོམ་པ་དང་། ད་ལྟར་དགོན་སྡེ་སོ་སོའི་བཤད་སྒྲུབ་སྒོམ་པའི་སྡེ་གང་དུ་ཞུགས་ཡོད་པའི་མཐའ་ལེགས་པར་བསྐྱངས་ན་མ་འོངས་བསྟན་པའི་བྱ་བ་ཡང་རྩེ་གཅིག་ཏུ་འགྱུར་ཚུལ་སོགས་ཀྱི་བཀའ་སློབ་རྒྱ་ཆེར་གནང་བར་བརྟེན།

10410

རབ་ཏུ་བྱུང་བ་རྣམས་ཐོས་བསམ་དང་སྒོམ་སྒྲུབ་ལ་འཇུག་ངེས་ཀྱི་གཡར་དམ་གང་མཚམས་བླངས་པ་དང་། སྐྱེ་བོ་ཕོ་མོ་རྣམས་ཀྱང་དགེ་སྡིག་སྤང་བླང་གི་གནས་ལ་སྔར་ལས་ཞིབ་ཕྲའི་བླང་དོར་གྱི་བསམ་བློ་ཆེར་བསྐྱེད་པ་དང་། རྣམ་དཀར་དགེ་བའི་ཕྱོགས་ལ་འབད་འབུངས་གང་ཆེར་བྱ་ཞེས་པའི་ཁས་བླངས་སོགས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་བྱུང་བ་དང་། སྨིན་གྲོལ་གྱི་དབང་དང་གདམས་ངག་དེ་དག་གི་མཇུག་ཏུ་དགྱེས་པའི་དགའ་སྟོན་དང་བཀའ་དྲིན་གཏང་རག་གི་ཚུལ་དུ་མ་མཆོག་སྲིད་པ་རྒྱལ་མོའི་ཁྲི་ཚོགས་དང་འབྲེལ་ཏེ་མ་འོངས་བསྟན་པའི་རྗེས་འཛིན་དུ་སྡེ་སྣོད་འཛིན་པ་ཆེན་པོ་མཁན་པོ་རིག་འཛིན་དབང་རྒྱལ་མཆོག་དབང་གི་རྒྱལ་ཐེབས་ཁྲིར་མངའ་གསོལ་དང་བཀའ་གཏད་རྗེས་གནང་གིས་མཚོན་བླ་སློབ་ཡོངས་རྫོགས་ཐུགས་དགྱེས་པའི་ངང་ཚུལ་དགུང་དུ་བསྟོད་བཞིན་མཇུག་ལེགས་པར་རྫོགས་པའོ།།

 

རྩོམ་པ་པོ། མཁན་པོ་ཉི་མ་བསྟན་འཛིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།