སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེར་བརྟན་བཞུགས་ཉིན་དང་པོའི་གནས་བསྡུས།

༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེར་བརྟན་བཞུགས་ཉིན་དང་པོའི་གནས་བསྡུས།

རྩོམ་པ་པོ། ཁྱུང་ཐོག་རྒོད། རྩོམ་ཁུངས། མེ་ལོང་ཡེ་ཤེས་དྲ་བ།

01

༄༅།། ༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ལ་མཎྡལ་བརྟན་བཞུགས་གོ་སྒྲིག་ཚོགས་པའི་སྣེ་ཁྲིད་འོག་༢༠༡༦།༤།༡ནས་འགོ་བཙུག་སྟེ། གྲྭ་མང་གིས་གཙུག་ལག་ཁང་གི་རྟེན་དང་བརྟེན་པ་གཙོས་པའི་ཁོར་ཡུག་གཙང་སྦྲ་དང་། གནམ་རྒྱན་བླ་བྲེ་འཕེན་གདུགས། བར་རྒྱན་དར་ཡོལ་རིན་ཆེན་ཟ་ར་ཚག  ས་རྒྱན་ལྷ་རྫས་མཆོད་རྫས་སོགས་བཤམ་བཀོད་ཀྱི་རྫས་ཕུན་སུམ་ཚོགས་པའི་སྟ་བོན་སྒྲུབ་པ་དང་།

02

༢༡༦།༤།༡༢།ནས་༡༩བར་ཉིན་བདུན་རིང་སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་སྐུ་ཕྱྭའི་ཞབས་རིམས་ཆེད་དུ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་དབུ་བཞུགས་ཐོག་བླ་ཆེན་དྲན་པའི་ཚེ་སྒྲུབ་ཀྱི་སྒོ་ནས་སྔོན་འགྲོའི་ཞབས་རིམ་བསྒྲུབས།

03 04

༢༠༡༦།༤།༢༠ཉིན་སྔ་དྲོའི་ཕྱག་ཚོད་༨།༣༠།ཐོག  ༧གདན་ས་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། ༧གདན་ས་ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱིས་གཙོས་གདན་ས་གཉིས་ཀྱི་སྐྱབས་གནས་བླ་སྤྲུལ་གྱི་སྡེ་དང་། བཙུན་དགོན་རདྣ་སྨན་གླིང་གི་བཙུན་མ་རྣམ་པ། ཚོགས་སྡེ་ཁག་གི་ཚབ་མཚོན་མི་སྣ་རྣམ་པ། རྒྱ་གར་བོན་གཞིས་དང་དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་གློ་དང་དོལ་པོའི་ཕྱོགས་ནས་ཕེབས་པའི་དད་ལྡན་མང་ཚོག་རྣམ་པ། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་ཕྱི་གླིང་བའི་དད་ལྡན་བཅས་སྐྱ་སེར་ཡོངས་རྫོགས་བརྟན་བཞུགས་མཛད་སྒོའི་ཚོགས་གུར་ཆེན་མོའི་ནང་དུ་འཛོམས་ཏེ། ཚོགས་འདོན་གྲུབ་རྗེས་གསོལ་ཇ་དང་བཞེས་གྲོ་འདེགས་འབུལ་ཞུས་པ་དང་བསྟུན། བརྟན་བཞུགས་གོ་སྒྲིག་ཚོགས་པའི་ཚོགས་གཙོའི་སྐུ་ཚབ་བླ་ཁྲི་དགེ་བཤེས་མཁན་པོ་ཉི་མ་གྲགས་པ་མཆོག་ནས་བརྟན་བཞུགས་མཛད་སྒོ་འདིའི་ཐོག་མའི་བྱུང་རིམ་དང་ས་གནས་སོ་སོའི་འགན་འཛིན་མི་སྣ་ངོ་སྤྲོད་དང་སྦྲགས། ད་ལན་གྱི་བརྟན་བཞུགས་འདི་ནི་ལོ་རྒྱུས་ཀྱི་ཐོག་ཏུ་བྱུང་མ་མྱོང་བའི་ལེའུ་གསར་པ་ཞིག་ཡིན་པ་དང་།

05

ལྷག་དོན་དུ་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་དུས་འགྱུར་གྱི་སྐབས་སུ་སྐུ་སྲོག་གི་ཉེས་ཁ་ལ་མ་འཛེམ་པར་༧དཔལ་རྒྱལ་བ་སྨན་རིའི་ཕྱི་ནང་གི་རྟེན་དང་བརྟེན་པ་ཡོངས་རྫོགས་ལ་ཐུགས་འགན་བླ་མེད་བཞེས་པ་དང་། དུས་རྐྱེན་གྱིས་ཕྱི་ཕྱོགས་སུ་ཞབས་སོར་འཁོད་རྗེས་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་དང་། བོན་འབངས་སྐྱ་སེར་ཡོངས་ཀྱི་བདེ་སྡུག་ལ་ཐུགས་འགན་ཆེར་བཞེས་ཀྱིས་བོན་གཞིས་གསར་འཛུག་དང་། བཤད་སྒྲུབ་སླར་གསོ་སོགས་ཀྱི་མཛད་པ་བསྐྱངས་ཚུལ་གྱིས་མཚོན། ༧ཡོངས་འཛིན་སྨྲ་བའི་དབང་པོའི་མཛད་རྣམ་ངོ་སྤྲོད་དང་། ད་ལན་བརྟན་བཞུགས་ཀྱི་སྐབས་འདི་ཙམ་མ་ཡིན་པར་རྣམ་ཀུན་དུ་འོ་ཅག་བོན་འབངས་ཡོད་ཅོག་གིས་༧དཔལ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་ཀྱི་སྐུ་ཕྱྭ་ལ་འབད་པ་ཆེར་བཞེས་དང་། བཀའ་དྲིན་དྲན་ཤེས་དད་དམ་གཙང་མ་དགོས་སྐོར་གྱི་བླང་དོར་ལམ་སྟོན་དང་། བརྟན་བཞུགས་ཀྱི་མཛད་རིམས་ངོ་སྤྲོད་སོགས་གནང། ཕྱག་ཚོད་༡༠།ཐོག་འདུས་མང་ཡོངས་ཀྱི་བསང་གསོལ་དང་། མི་མང་བྱིངས་ཀྱིས་རླུང་དར་སྒྲོན་འཛུག་གནང་སྟེ་བོན་སྐྱོང་སྲུང་མ་རྣམས་ལ་འཕྲིན་བཅོལ་དང་སྦྲགས་ས་སྟེང་བོན་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧དཔལ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་ཀྱི་སྐུ་ཚེ་ཡུན་དུ་བརྟན་པ་དང་། ཡངས་པའི་འཇིག་རྟེན་འདིར་ས་འགུལ་ཆུ་ལོག་སོགས་ཀྱིས་མཚོན་པའི་མི་མཐུན་ཉེར་འཚེའི་རིགས་ཞི་ཞིང་འཛམ་གླིང་ཞི་བདེ་ཡོང་བའི་གསོལ་སྨོན་རྒྱ་ཆེར་གནང་།

06

ཕྱག་ཚོད་༡༡།༣༠།ཐོག་སྐྱ་སེར་ཡོངས་རྗོགས་བསང་སྟེགས་ཀྱི་ཟུར་དུ་རུ་བསྟར་བསྒྲིགས་ཏེ་(སྟོན་པ་ཐུགས་རྗེ)ཚར་གཅིག་གསུང་རྗེས་ཀི་བསྭོ་ལྷ་རྒྱལ་འཐེན། ཕྱི་དྲོའི་ཕྱག་ཚོད་༢།ཐོག་མཁན་སློབ་དགེ་བཤེས་རྣམ་པས་གཙུག་ལག་ཁང་དུ་མཆོད་གཏོར་དང་འདུས་མང་བྱིངས་ཀྱིས་་འབུམ་ཉི་མ་དགུ་ཤར་དང་མདོ་མང་གཟུངས་འདུས་དག་ཀློག ལྷ་སྡེ་མི་མང་རྣམས་ཀྱི་ཚ་ཚ་དང་ལམ་འཕྲང་བཅོས་པ་སོགས་ཉིན་དང་པོའི་མཛད་སྒོ་ཡོངས་སུ་གྲུབ་པའོ།།

༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེར་བརྟན་བཞུགས་ཉིན་དང་པོའི་གནས་བསྡུས་སུ་ཁྱུང་ཐོག་རྒོད་ཀྱིས། ༢༠༡༦།༤།༢༠

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།