སྨན་རིའི་གྲྭ་ཚང་གི་གལ་ཆེའི་གསལ་བསྒྲགས།

སྨན་རིའི་གྲྭ་ཚང་གི་གལ་ཆེའི་གསལ་བསྒྲགས།

IMG_5313

         ༄༅། ། ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་བྱེ་བྲག་ཏུ་རང་རེའི ༧ ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན ༧ སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གི་སྐུ་ཡི་སྙུང་ཁམས་བདེ་མིན་ལ་བརྟེན་ཏེ་སླར་ཡང་འདི་ཟླའི་ཚེས་བདུན་༧་ཉིན་ཨ་རིར་སྨན་བཅོས་ལ་ཆིབས་བསྒྱུར་བསྐྱངས་མཛད་ཡོད་པ་ལགས་ན། དེ་ལུགས་སུ་མགོན་པོ་གོང་གི་སྐྱབས་འོག་ཏུ་གནས་པའི་ང་ཚོ་བོན་འབངས་ཡོངས་ཀྱིས་སྐུ་ཕྱྭའི་ཞབས་རིམ་སྔར་བཞིན་བསྒྲུབ་དགོས་པ་འོས་བབས་སུ་མཆིས། ཉེ་ཆར་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་གིས སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ལ་ཞབས་རིམ་གནད་དམིགས་གང་དགོས་ཕྱག་མོ་གསུང་རྟགས་ཞུས་པར།   ཡོངས་འཛིན་རིན་པོ་ཆེ་མཆོག་གིས་རྒྱལ་བའི་བཀའ་རིན་པོ་ཆེ་ལྗགས་ཀློག་དང་། ཕུར་གཞུང་ཚར་བརྒྱ་སྟོང་གང་འགྲུབ། ཕུར་པའི་ཚོགས་འཁོར། ཕུར་པའི་སྲུང་བཟློག ཕུར་པའི་སྦྱིན་སྲེག རྣམ་རྒྱལ་གཟུངས་ཆེན་ཚར་བརྒྱ། གསེར་འོད་ནོར་བུ་འོད་འབར་ཚར་བརྒྱ། ཚེ་སྒྲུབ། ས་སྒོ་གཅོད་པ་བཅས་ཞབས་རིམ་འདི་དག་བསྒྲུབ་དགོས་ཀྱི་བཀའ་བསྩལ་ཕེབས་འདུག་ན། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོན་འབངས་ཡོངས་ཀྱིས་བསྟན་སྲུང་དམ་ཅན་གྱི་སྡེ་ལ་བསྐང་གསོལ་འཕྲིན་བཅོལ་ཞུ་རྒྱུ་དང་། སྐབས་བབས་གནད་སྨིན་ཞབས་རིམ་རྣམས་ཅི་ཐུབ་གང་ཐུབ་བསྒྲུབ་རྒྱུའི་རེ་བསྐུལ་ཞུ་བ་དང་། འདི་གའི་༧གདན་ས་སྨན་རིའི་དགོན་ནས་གོང་འཁོད་ཞབས་རིམ་རྣམས་ཆ་ཚང་བླ་གྲྭ་འདུས་སྤྱི་ནས་འདི་ཟླའི་སྤྱི་ཚེས་༨ཉིན་ནས་བཟུང་སྟེ་བསྒྲུབ་རྒྱུའི་སྟ་གོན་བྱེད་བཞིན་པའི་གནས་ཚུལ་ཙམ་དུ།

༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་ནས།

ཕྱི་ལོ༢༠༡༦/༡༡/༧ཉིན་སྤེལ།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།