རིག་འཛིན་གསང་སྒྲུབ་ཀྱི་སྨན་གྱི་སྒྲུབ་བ་ཆེན་མོ།

རིག་འཛིན་གསང་སྒྲུབ་ཀྱི་སྨན་གྱི་སྒྲུབ་བ་ཆེན་མོ།
བསྟན་འཛིན་སྦྱིན་པ།

      ཞྭ་དཀར་གཡུང་དྲུང་བོན་གྱི་རིང་ལུགས་འཛིན་པའི་དགོན་སྡེ་ཁྱུང་ཡུལ་སྨོན་རྒྱལ་བླ་བྲང་གིས་ཉེ་ཆར་རིག་འཛིན་འདུས་པའི་སྒྲུབ་ཆེན་གྲ་རྒྱས་པོ་ཞིག་དབུ་འཛུགས་ཞུས་ཤིང་ཁ་སང་ལེགས་གྲུབ་བྱུང་ཡོད་འདུག དེ་ཡང་སྨན་གྱི་སྒྲུབ་བ་ཆེན་པོ་ཞིག་འཛུགས་རྒྱུར་རང་རེ་བོན་ཕྱོགས་སུ་ལས་སླ་པོ་མ་ཡིན་པར་སོང་སྨོན་རྒྱལ་རིན་པོ་ཆེ་ནམ་མཁའ་དབང་ལྡན་ཡབ་སྲས་གཉིས་ཀྱིས་ཤེས་འཇོན་དང་ལྷག་བསམ་ལ་བརྟེན་ནས་གོང་འོག་གི་འབྲེལ་ཡོད་ནས་ཐོང་ཆེན་དང་སྦྲགས་མདོ་དབུས་ཁམས་གསུམ་ནས་གདན་འདྲེན་ཞུས་པའི་བླ་ཆེན་སྤྲུལ་སྐུ་དགེ་བཤེས་སོགས་ཞལ་གྲངས་སུམ་ཅུ་ཉེ་བ་ཞིག་དང་། གྲྭ་བཙུན་ཞལ་གྲངས་སུམ་བརྒྱ་ལྷག་ཙམ་ཞིག་འདུས་འཛོམ་གནང་སྟེ་དབུས་ཀྱི་འདུ་ཁང་ཆེན་མོའི་ནང་རིག་འཛིན་འདུས་པའི་སྒྲུབ་བ་དང་། བླ་བྲང་གི་གསས་ཁང་གསར་པའི་ཡང་ཐོག་ཏུ་ཕུར་པའི་སྒྲུབ་བ། གསས་ཁང་འོག་མ་རུ་ཞི་ཁྲོའི་སྒྲུབ་བ་བཅས་འདོན་ཚོ་སོ་སོར་ཕྱེས་ཏེ་ཉིན་ཞག་བཅུ་དྲུག་གི་རིང་ཉིན་མཚན་ལྟོས་མེད་ངང་སྨན་གྱི་སྒྲུབ་བ་བསྐྱངས་ཡོད་འདུག། སྒྲུབ་བ་འདི་ནི་མཁས་དབང་ནམ་མཁའ་གྲགས་པ་འཁྲུངས་ནས་དགུང་གྲངས་ཆིག་བརྒྱ་ཐམ་པ་ཏག་ཏག་ཟིན་པའི་འཁྲུངས་མཆོད་ཆེན་མོ་ཞིག་དང་། དེ་བཞིན་གཡུང་དྲུང་བོན་གྱི་བསྟན་འཛིན་སྐྱེས་ཆེན་གང་ན་སུ་བཞུགས་པ་རྣམས་ཀྱི་སྐུ་ཚེའི་ཞབས་རིམ་ཞིག་དང་། ཁྱད་པར་དུ་འཛམ་གླིང་སྐྱེ་དགུའི་ནད་མུག་མཚོན་འཁྲུག་གི་བསྐལ་བ་ཞི་ནས་ཞི་བདེའི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པའི་སྨོན་འདུན་རྒྱ་ཆེན་ཞུ་བའི་ཆོས་ཕྱོགས་ཀྱི་མཛད་སྒོ་རྒྱས་ཤོས་ཤིག་ཀྱང་ཡིན་ཞེས་གསུང་བཞིན་འདུག དེ་ལྟར་སྒྲུབ་ཆེན་གྱི་སྐབས་སུ་འབྲེལ་ཡོད་ཀྱི་དགོན་སྡེ་དང་ལྷ་སྡེ་ཚོང་བ་ཁག་བཅས་ཀྱིས་ཉིན་སོ་སོར་དད་སྦྱིན་གནང་སྟེ་འདི་ཟླའི་ཕྱི་ཚེས་བཅོ་ལྔ་ཉིན་བཀའ་དབང་དང་བཅུ་དྲུག་ཉིན་བཀྲ་ཤིས་གཤེགས་སྐྱོད་དང་སྨོན་ལམ་གྱིས་མཐར་བརྒྱན་ཏེ་ཁ་དགེ་བཀྲ་ཤིས་ངང་མཇུག་ལེགས་གྲུབ་བྱུང་ཡོད་འདུག སྐབས་དེར་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་དད་སྦྱིན་མང་ཚོགས་བཞི་ཁྲི་ལྷག་ཙམ་ཞིག་སྒྲུབ་ཆེན་གྱི་མཆོད་མཇལ་དང་བཀའ་དབང་ཞུ་རུ་འདུས་འཛོམ་བྱུང་ཞིང་སྨོན་རྒྱལ་བླ་བྲང་གི་ཁོར་ཡུག་བླ་གྲྭས་གང་བ་དང་། ཡུལ་ལུང་མི་ཡིས་གང་། ཐང་སྟོང་འཕྲུལ་འཁོར་གྱིས་གང་སྟེ་ཉིན་གང་པོའི་རིང་བཀའ་དབང་ཞུ་མཁན་རྫོགས་ཚར་རྒྱུ་མེད་པ་ལྟ་བུ་བྱུང་ཡོད་གནས་འདུག་ཀྱང་། ཉིན་དེར་ལྷ་བླ་མས་གྲལ་འགོ་མཐོ་དམན་དང་། འགོ་དཔོན་པོས་ཁྲིམས་འགོ་མཐོ་དམན། འབངས་མི་སྡེས་སྡེ་འགོ་མཐོ་དམན་སོགས་ཀྱི་རྩོད་འཁྲུགས་དང་མི་བདེ་བའི་མཚན་མ་མེད་པར་ཐམས་ཅད་ཞི་བ་དང་བདེ་ལེགས་སུ་གྱུར་ནས་སྨན་གྱི་སྒྲུབ་ཆེན་འདིའི་འགོ་མཇུག་བར་གསུམ་གྱི་ལེགས་ཚོགས་ཡིད་བཞིན་དུ་གྲུབ་སོང་ཞེས་སྨོན་བླ་རིན་པོ་ཆེས་དགའ་གུས་དང་བཅས་ཏེ་གསུང་བཞིན་འདུག། །།གནས་ཚུལ་མཁོ་འདོན་པ་བསྟན་འཛིན་སྦྱིན་པས།༢༠༡༠།༠༧།༡༧།ཉིན།

74588657 1744244737 1747444141

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།