རྗེ་སྨན་རི་བ་ཆེན་པོའི་གསུང་འབུམ་དཔེ་སྐྲུན་འགྲེམ་སྤེལ་བྱས།

རྗེ་སྨན་རི་བ་ཆེན་པོའི་གསུང་འབུམ་དཔེ་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ། ཨ་སྔགས་ཚེ་རིང་བཀྲ་ཤིས། རྩོམ་ཁུངས། སི་ཁྲོན་དཔེ་སྐྲུན་འཕྲིན་སྟེགས།

001

ད་ལན་མདོ་སྨད་རྔ་ཁོག་གི་བོན་གྱི་འདུས་སྡེ་ཆེན་མོ་སྣང་གཞི་རྒྱལ་བསྟན་ཕུན་ཚོགས་གླིང་གི་མཁྱེན་ཡངས་ཚུལ་ཁྲིམས་ནས་བཤད་སྒྲུབ་སློབ་གླིང་གི་བསླབ་གཞིར་དམིགས་པའི་རྗེ་མཉམ་མེད་ཆེན་པོའི་འཕྲུལ་སྒྲོན་རྣམ་ལྔ་གཙོས་པའི་བཀའ་འབུམ་དེབ་གཟུགས་སུ་དཔེ་སྐྲུན་བྱེད་དགོས་པའི་འདུན་པ་བཏོན་པ་ལ་ངེད་དཔེ་སྐྲུན་ཁང་ནས་དེ་དེ་བཞིན་དུ་དང་ལེན་བྱས་པ་ལ་རྒྱུ་མཚན་འདི་དག་མཆིས་ཏེ། གཅིག་ན་སྣང་དགོན་གྱི་པར་མ་འདི་ཀོ་དེ་སྔོན་ངེད་དཔེ་སྐྲུན་ཁང་གིས་པར་དུ་བཏབ་ཟིན་པའི་རྗེ་མཉམ་མེད་ཆེན་མོའི་བཀའ་འབུམ་པོད་བཅུའི་བདག་ཉིད་ཅན་དང་མི་འདྲ་ས་ནི་པར་མ་འདི་ཀོ་བསླབ་གཞིར་དམིགས་ཏེ་བསྒྲིགས་པ་ལགས་པས་ན་འཆད་ཉན་ལ་རྒྱུག་ཆེ་བའི་མཚན་ཉིད་སྡེ་ལྔ་དང་གསང་སྔགས་སེམས་ཕྱོགས་སོགས་ཀྱི་གསལ་བྱེད་བསྡུས་དོན་དང་དགོངས་འགྲེལ་སོགས་ལས་འདོན་ཆའི་རིགས་སོགས་བསྡུས་མེད་པས་ཆེད་དམིགས་ཀྱི་རང་བཞིན་ལྡན་པ་དང་།

གཉིས་ན་དེ་སྔོན་བཀའ་འབུམ་པོད་བཅུའི་བདག་ཉིད་ཅན་དུ་འདུས་མེད་པའི་རྗེའི་གསར་རྙེད་བཀའ་རྩོམ་གསུམ་སྟེ། བྲུ་རྒྱལ་བ་གཡུང་དྲུང་གིས་མཛད་པའི་ཨ་ཁྲིད་ཆེན་མོའི་སྔོན་འགྲོའི་འགྲེལ་བ་ཡན་ལག་བདུན་པའི་བསྡུས་དོན་ཉམས་སུ་བླངས་པའི་འགྲེལ་ཆུང་དང་། འཕྲིན་ལས་བཅོ་བརྒྱད་ཀྱི་འགྲེལ་བ། གསང་སྔགས་ཀྱི་ལམ་སྒོ་དབྱེ་བ་ཞེས་པ་བསྡུས་ཡོད་པས་ཁ་གསབ་འཐུས་ཚང་གི་རང་བཞིན་ལྡན་པ་དང་། གསུམ་ན་པར་མ་འདི་ཀོ་སྔོན་གྱི་མདའ་ཚད་མའི་དཔེ་ཇི་བཞིན་སོར་འཇོག་བྱས་པ་ལས་དེང་གི་བརྡ་སྤྲོད་དང་བརྡ་ཆད་སོགས་བསྟུན་ཅི་ཐུབ་ཀྱི་བཅོས་བསླད་ཤོར་མེད་པར་ཡིག་ནོར་ཡིན་ངེས་ཅན་རྣམས་དོགས་གཞི་དང་དག་བཅོས་ཞེས་གཞུང་ཚན་སོ་སོའི་མཇུག་ཏུ་བཀོད་ཡོད་པས་གནའ་དཔེ་ཞིབ་འཇུག་པ་རྣམས་ལ་སྨན་ཡོན་བླ་ལྷག་ཆེ་བའི་གནའ་དཔེ་བཟོ་མ་ཉམས་པར་དཔྱད་གཞིའི་རང་བཞིན་ལྡན་པ་བཅས་སོ། །

002
གྱེར་བསྟན་ཉིན་མོར་བྱེད་པའི་མཛད་འཕྲིན་ཅན། །
བསྟན་པའི་སྒྲོན་མེ་ཉག་གཅིག་སྲིད་པའི་མིག །
རྒྱལ་བ་གཉིས་པར་བསྔགས་འོས་མཉམ་མེད་པ། །
ཤེས་རབ་རྒྱལ་མཚན་ཞབས་ལ་དད་ཕྱག་བརྩེགས། །
འགོ་བརྗོད།
ཨ་སྔགས་ཚེ་རིང་བཀྲ་ཤིས།

   ཡུལ་མདོ་སྨད་རྒྱལ་མོ་ཚ་བ་རོང་དུ་སྐུ་ཡི་ལྟེ་ཁྲག་འཕོས་པའི་རྗེ་མཉམ་ཤེས་རབ་རྒྱལ་མཚན་ནི་མི་ཚེ་ཧྲིལ་པོར་གཡུང་དྲུང་གི་བོན་རིན་པོ་ཆེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ཆེས་ཆེར་དར་བ་བྱས་པས་ན་ཀུན་གྱིས་སྐུ་ཉིད་ལ་སྟོན་པ་གཉིས་པ་ཞེས་བསྔགས་ཀྱང་བསྔགས་ལ་བསྔགས་འོས་པ་ཞིག་ཀྱང་ཡིན་ངེས་ཏེ། ཇི་སྐད་དུ་ཁོང་དང་སྐུ་ཐོག་གཅིག་པའི་རིགས་རུས་མཐོ་ཞིང་མཁས་གྲུབ་གཉིས་འཛོམས་ཀྱི་སྐྱེས་ཆེན་དམུ་གཤེན་ཉི་མ་རྒྱལ་མཚན་གྱི་ཞལ་ལས། བསྟན་པའི་དར་ཆེན་མཁས་གྲུབ་ཆེན་པོས་འཕྱར། །སྙན་པའི་དུང་ཆེན་སློབ་མ་རྣམས་ཀྱིས་འབུད། །རྒྱལ་བའི་བསྟན་པ་མདོ་སྨད་ཀུན་ཏུ་དར། །སྙིགས་མའི་དུས་འདིར་བོན་གྱི་བསྟན་པ་ལ།།དཔག་མེད་བཀའ་དྲིན་ཆེ་བ་ངོ་མཚར་ཆེ། །ཞེས་གསུངས་པ་བཞིན་རང་ཕྱོགས་ཆེ་བསྟོད་ཙམ་མིན་པ་ངེས་པ་དོན་གྱིས་གདེང་འཇོག་བྱས་པ་ལྟར་ཡིན་ལ། སྐུ་ཚེ་གང་བོའི་ནང་དུ་དང་པོ་རང་དོན་དུ་རྒྱ་ཆེན་ཐོས་པ་མང་དུ་བཙལ། གཞུང་ལུགས་རྒྱ་མཚོའི་གདམས་པ་ཤར། སྒོ་གསུམ་རྩེ་གཅིག་སྒྲུབ་ལ་གཞོལ་བས་ན་མཁས་གྲུབ་ཆེན་པོའི་དོན་གྱི་གོ་ས་བཟུང་། བར་དུ་གཞན་དོན་དུ་དབེན་གནས་ཐོབ་རྒྱབ་རི་ལ་འདུས་སྡེ་བཏབ། མཚན་ཉིད་སྡེ་ལྔས་མཚོན་པའི་གཞུང་ལུགས་བརྩམས། འཁོར་སློབ་རྒྱ་མཚོར་འཆད་ཉན་གྱི་སྲོལ་རྒྱ་ཆེར་ཕྱེས་པས་ན་རྒྱལ་བའི་བསྟན་པ་ཉིན་ལྟར་གསལ་བའི་གཞི་རྐང་ཚུགས། མཐའ་མར་རང་གཞན་གཉིས་ཀྱི་དོན་དུ་རྒྱལ་བའི་བསྟན་པ་ཡུན་ནས་ཡུན་དུ་བརྟན་པའི་ཆེད་དུ་འདུལ་བའི་ཕྱོགས་ལ་ཐུགས་སེམས་བླ་ལྷག་བཞེས་ཏེ་བསྟན་རྒྱུན་བསྲིངས་པའི་ཟུངས་བསྩལ།

003
རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་གཞིས་གཡུང་དྲུང་ལྷ་རྩེ།

ཁྱད་པར་དུ་རྒྱུན་འཛིན་རྒྱལ་ཚབ་འདེམས་པའི་ལམ་སྲོལ་གསར་བ་ཕྱེས་པ་སྟེ། མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་རྗེའི་རྣམ་ཐར་དུ།དགུང་ལོ་དྲུག་ཅུའི་ཤིང་ལུག་ལོར། །སློབ་མ་རིན་ཆེན་རྒྱལ་མཚན་ལ། །ཁྱེད་ནི་རིག་འཛིན་བྱིན་རླབས་བུ། །ང་ཡི་ཁྲི་སྐྱོང་རྒྱལ་ཚབ་མཛོད།།འཆད་རྩོད་རྩོམ་གསུམ་བོན་བསྟན་སྤེལ། །ད་ཕྱིན་དགོན་འདིར་འཚོགས་པ་ཡིས། །མཚན་ཉིད་རབ་འབྱམས་གང་ཡིན་པ།།ལྷ་སྲུང་གསོལ་ལ་རྟགས་སྒྲིལ་གྱིས། །གང་བབས་ང་ཡི་གདན་སར་བཀོད། །ཤེས་རབ་སྨྲ་སེང་ཐུགས་རྗེ་ཡིས།།བསྟན་དང་འགྲོ་དོན་ནུས་པར་འབྱུང་། །ཞེས་སོ་ཕྱི་ནང་གསང་གསུམ་གྱི། །ཞལ་གདམས་ལུང་བསྟན་རྒྱས་པར་གསུངས།།ཞེས་གསུངས་པ་ལྟར། དེ་སྔོན་བོད་ན་དར་སོ་ཆེ་བའི་གདུང་བརྒྱུད་ཀྱིས་བསྟན་པ་སྐྱོང་བ་དང་ཡང་སྤྲུལ་འཚོལ་བའི་ལུགས་ལས་རབ་ཏུ་འགོངས་ཏེ།འདུས་སྡེ་དེ་ནས་གསོ་སྐྱོང་བྱས་པ་ལས་བྱུང་བའི་མཚན་ཉིད་རབ་འབྱམས་པ་རྩེ་གྲས་ཀྱི་མིང་བྱང་ཟན་རིལ་དུ་བཅུག་ཏེ་ལྷ་སྲུང་གསོལ་བའི་མདུན་དུ་རྟགས་རིལ་སྒྲིལ་བའི་སྒོ་ནས་གདན་ས་འཛིན་པའི་སྐྱེས་བུ་འདེམས་བསྐོ་མཛད།

004
རྒྱལ་བ་མཉམ་མེད་ཆེན་པོའི་སྒྲུབ་གནས་ལ་མོ་རྩེ་མཚོ་གོང་།

ལམ་ལུགས་འདིའི་བྱིན་མཐུ་ལས་དེང་གི་བར་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་བྱོན་པ་རེ་རེ་ནས་འགྲོ་དོན་དཔག་མེད་རྒྱས་པའི་རྒྱུ་མཚན་ཡང་རྟོགས་ནུས་སྙམ།དེ་ལྟ་བས་ན་རྗེ་སྨན་རི་བ་འདི་པས་གཡུང་དྲུང་བོན་གྱི་བསྟན་པ་ལ་ཕྱག་རྗེས་བཞག་པའི་བཀའ་དྲིན་ནི་གཞན་སུ་དང་བསྡུར་རུང་འདྲ་མཉམ་ཅན་ཞིག་བྱུང་མེད་པས་ན་ཕྱི་རབས་པས་ཁོང་ལ་རྗེ་མཉམ་མེད་ཆེན་པོ་ཞེས་དོན་གྱི་མཚན་འདི་གསོལ་བ་ཡིན་ནོ། །དེང་གི་བར་དུ་འཛམ་གླིང་ཐ་གྲུ་ཟླུམ་པོར་གཡུང་དྲུང་བོན་ལུགས་ཀྱི་འདུལ་འཛིན་ངུར་སྨིག་གི་སྡེའང་དགུང་ཨ་སྔོན་གྱི་མདོག་བཟུང་བའི་ཆུ་རླབས་ལྟར་ཕྱོགས་ཕྱོགས་སུ་གཡོས་པ་ནི་རྗེ་མཉམ་ཆེན་པོའི་བཀའ་དྲིན་ཁོ་ན་ལ་རག་ལས་པས་ན་རྒྱལ་བ་གཉིས་པ་ཞེས་པའི་མཚན་འདིའང་རབ་ཏུ་དོན་ལ་གནས་པའོ། །

005
རྒྱལ་བ་མཉམ་མེད་ཆེན་པོས་ཕྱག་བཏབ་པའི་སྨན་རི་དགོན།

ཞེས་རྗེ་སྨན་རི་བ་ཆེན་པོའི་གསུང་འབུམ་གྱི་དཔེ་སྐྲུན་གསལ་བཤད་ཀྱི་ཚུལ་དུ་གུས་ཕྲན་ཨ་སྔགས་ཚེ་རིང་བཀྲ་ཤིས་སམ་བརྡ་སྤྲོད་ཀུན་བཤད་ཀྱི་མིང་དུ་སྒྲ་དབྱངས་སྨྲ་བའི་རྡོ་རྗེར་འབོད་པས་སྤྱི་ལོ་༢༠༡༦ལོའི་ཟླ་༩ཚེས་༡༩ཉིན་སྤོས་ངད་ལྡན་པའི་གྲོང་ནས་སྦྱར་བ་དགེའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།