རྒྱལ་རོང་བཤད་སྒྲུབ་སློབ་གླིང་གི་༢༠༡༦་ལོའི་ལོ་མཇུག་རྒྱུགས་སྤྲོད་ངོ་སྤྲོད་མདོར་བསྡུས།

IMG_6835

སྤྱི་ལོ་༢༠༡༦སྤྱི་ཟླ་༡༢ཚེས་བཅུ་བཞི་ཉིན་ནས་ང་ཚོ་རྒྱལ་རོང་བཤད་སྒྲུབ་སློབ་གླིང་གིས་ད་ལོའི་ལོ་མཇུག་རྒྱུགས་སྤྲོད་ཆེན་མོ་དབུ་དངོས་སུ་བཟུང་སྟེ། འཛིན་གྲྭ་མཐོ་དམན་ཀུན་ཀྱིས་རང་ཉིད་ཀྱི་སྦྱངས་འབྲས་ལ་ཚོད་ལྟ་དང་གྲུབ་འབྲས་མངོན་དོད་ཀྱི་ཆེད་དུ་འཛིན་གྲྭ་སོ་སོའི་གཞུང་ཁྲིད་ལྟར་སྔ་དྲོ་ཆུ་ཚོད་བཅུ་ནས་བཅུ་གཉིས་བར་དུ་གཞུང་རྒྱུགས་ཀྱི་ཡིག་ཚད་ཕུབ་དང་། ཕྱི་དྲོ་ཆུ་ཚོད་གཉིས་ནས་ཐུན་མོང་རིག་གནས་ཏེ། སྙན་གཞུང་དང་། འཕྲད་དང་རྣམ་དབྱེའི་སྦྱོར་ཚུལ། ཡི་གེའི་སྦྱོར་བ་དངོས། མིང་གི་སྐོར། ཡིག་གཟུགས་སོགས་ཀྱི་སྐོར་ནས་རིག་གནས་ཡིག་རྒྱུགས་ཕུལ་བ་བཅས་ཉིན་དང་པོའི་གནས་ཚུལ་མདོ་ཙམ་བཀོད་པའོ།།
IMG_6836
ཚེས་བཅོ་ལྔ་ཉིན་ཞོགས་ཀ་ཆུ་ཚོད་དགུ་ནས་ཡར་ཚོགས་ཏེ་འཛིན་གྲྭ་གོང་མ་ནས་རིམ་བཞིན་དུ་མཚན་ཉིད་རྩོད་རྒྱུགས་བྱས་པ་དང་། དམ་བཅའ་བ་དང་རིགས་ལམ་པ་རྣམས་ཀྱིས་རྣམ་དཔྱོད་དང་ཤེས་རབ་ཀྱི་དབལ་ཁ་བརྡར་ཞིང་དགག་སྒྲུབ་རིགས་པའི་འཕྲུལ་འཁོར་ཏེ་ཕྱི་དྲོ་ཆུ་ཚོད་དྲུག་གི་སྟེང་དུ་མཇུག་བསྡུས་པའོ།།
IMG_6840
ཚེས་བཅུ་དྲུག་ཉིན་གྱི་ཞོགས་ཀ་ཆུ་ཚོད་བཅུ་ནས་བགྲོ་གླེང་རྒྱུགས་སྤྲོད་ཀྱི་འགོ་བཟུང་སྟེ་སློབ་གླིང་གི་ཚོགས་གཙོ་དམུ་རིགས་དགེ་བཤེས་བསྟན་འཛིན་དབང་གྲགས་མཆོག་གིས་བགྲོ་གླེང་གི་ཁ་ཕྱོགས་དང་རྒྱུགས་རའི་དམིགས་ཡུལ་སོགས་ཀྱི་ཐད་ནས་གསུངས་བཤད་གནང་བ་དང་། དེ་བཞིན་ང་ཚོ་རྒྱལ་རོང་བཤད་སྒྲུབ་སློབ་གླིང་གིས་གཙོ་སྒྲུབ་བྱས་པའི་འདི་ཀ་སློབ་གླིང་གི་སློབ་མ་རྣམས་ཀྱིས་རིག་པ་སྦྱོང་བརྡར་གྱི་སྟེགས་བུ་རུ་རིམ་བཞིན་ཕེབས་ཏེ། སོ་སོས་རང་མོས་བགྲོ་གླེང་ཞེས་པའི་གླེང་སྟེགས་ནས་སྐབས་བབ་ཀྱི་གཞུང་གི་དཀའ་གནད་དང་བོད་དང་བོན་གྱི་རྒྱལ་རབས་ལོ་རྒྱུས། སློབ་གསོ་དང་མི་སྒེར་གྱི་ལྟ་གྲུབ་སོགས་ཀྱི་ཐད་ནས་སློབ་མ་རྣམས་ཀྱིས་རང་མོས་ཀྱི་བགྲོ་གླེང་སྣ་ཚོགས་བྱས་མཇུག་མཐར་དམུ་རིགས་དགེ་བཤེས་བསྟན་འཛིན་དབང་གྲགས་མཆོག་གིས་ངལ་གསོའི་དུས་ཚོད་སོགས་གསལ་བསྒྲགས་བྱས་ཏེ་ཕྱི་དྲོ་ཆུ་ཚོད་བཞིའི་སྟེང་མཇུག་ཡོངས་སུ་བསྡུས་པའོ།།IMG_6839  IMG_6838
ཞེས་འདི་ཀ་རྒྱུགས་སྤྲོད་བཀོད་སྒྲིག་ཚན་ཆུང་ནས་༢༠༡༦-༡༢-༡༧ཉིན།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།